15th Karmapa's collected works.
 
   

༈ རབ་འབྱམས་རྒྱལ་ཀུན་འདུས་པའི་རྣམ་ཐར་དང༌། །ཕྲིན་ལས་ཡོན་ཏན་མ་ལུས་གཅིག་བསྡུས་པའི། །
གངས་ཅན་མགོན་པོ་རྒྱལ་དབང་ཀརྨ་པ། །མཁའ་ཁྱབ་རྡོ་རྗེའི་གསོལ་བ་འདེབས། །
དེ་ཡང༌། ༧དཔལ་རྒྱལ་དབང་ཀརྨ་པ་བཅོ་ལྔ་པ་ཆེན་པོ་ ༧རང་བྱུང་ལྷན་སྐྱེས་རྡོ་རྗེའམ་ ༧ཀུན་བཟང་མཁའ་ཁྱབ་བདེ་བའི་རྡོ་རྗེའི་ཞལ་སྔ་ནས། རང་རེ་སྙིགས་དུས་སུ་སྐྱེས་པ་ལ་བླ་མ་སངས་རྒྱས་ལྟ་བུ་མཚན་ལྡན་དང་མཇལ་བར་དཀའ་ཞིང༌། མཇལ་ཡང་གདམས་ངག་ཕ་ཕོག་ཏུ་སྩལ་བ་འདི་ལྟ་བུ་རྙེད་པར་དཀའ་བས། དེས་ན་བླ་མ་དམ་པ་དངོས་སུ་མཇལ་བ་དང་རྣམ་དབྱེར་མེད་ཅིང་ཐུགས་ལ་བཏག་དང་མི་བཏག །གདམས་ངག་ལ་གནང་དང་མི་གནང་གི་དོགས་པ་དང་དཀའ་ཚེགས་མི་དགོས་པ་ཕྱི་རབས་རྗེས་འཇུག་རྣམས་ཀྱི་དོན་དུ་རང་དོན་ཉམས་རྟོགས་བསྐྱེད་པའི་ཞལ་གདམས། གེགས་དང་གོལ་ས་གཅོད་པའི་གསུངས་མགུར། གཞན་དོན་བསྟན་པ་འཛིན་སྐྱོང་སྤེལ་བའི་ལག་ཆ་གང་ལ་གང་དགོས་མ་ཚང་བ་མེད་པ་འདོད་པ་འཇོ་བའི་བུམ་པ་ལྟ་བུར་སྩལ་བ་ཚེགས་ཆུང་ལ་དོན་ཆེ་བ་བདེ་གཤེགས་བཀའ་ཡི་བླ་མ་ཞེས་མཚན་དོན་དང་ལྡན་པ་འདི་ཉིད་ཀྱི་རྒྱུན་མི་ཉམས་ཤིང་སྤེལ་བའི་ཐབས་ལ་བརྩོན་པ་ནི་གལ་ཤིན་ཏུ་ཆེ། ཞེས་གསུངས་པ་བཞིན། རྗེ་འདི་ཉིད་ཀྱི་གསུང་འབུམ་པོད་གྲངས་བཅུ་ཐམ་པ་བཞུགས་པ་ཡོད་པ་འདི་ཉིད་རང་གཞན་ལ་ཕན་པའི་ཀུན་ནས་བསླངས་ཏེ་སྤྱི་ལོ་༢༠༡༣་ནས་དབུ་འཛུགས་ཏེ་གློག་ཀླད་ཏུ་འཛུགས་བསྐྲུན་གྱི་བྱ་འགོ་བརྩམས་ཀྱང༌། རྐྱེན་སྣ་ཚོགས་ལ་བརྟེན་ནས་རིམ་ལུས་སུ་གྱུར། སླར་ཡང་སྤྱི་ལོ་༢༠༢༠ ལོར་མཆེད་གྲོགས་འགའ་ཞིག་གི་བསྐུལ་མ་དང༌། རང་ཉིད་ Covid-19 རིམས་ནད་དྲག་པོ་ལ་བརྟེན་ནས་གནས་གཅིག་ཏུ་ཡུན་རིང་པོར་བསྡད་པའི་ཚེ། རྒྱལ་བའི་དབང་པོའི་གསུང་རབ་ལ་འཕྲོ་འཐུད་དེ་གློག་ཀླད་དུ་འཛུགས་བསྐྲུན་དང་ཞུས་དག་གི་སྲིད་ཞུ་སྤྱི་ལོ་༢༠༢༡ ལོར་ལེགས་པར་བསྒྲུབས་པར་སེམས་ཀྱང༌། གཞུང་འདི་ཉིད་ནི་གཏིང་ཟབ་ཅིང་རྒྱ་ཆེ་ལ། རང་ཉིད་ནི་སྦྱངས་པ་ཆུང་ཞིང་ཤེས་རབ་དམན་པའི་དབང་གིས་ཆད་ལྷག་གི་ནོར་བ་མང་པོ་ཡོད་ངེས་ལགས་ན། བློ་ལྡན་མཁས་པ་རྣམས་ཀྱིས་ད་དུང་ཞུ་དག་གནང་བར་ཞུ་ཞེས་ཀརྨ་ལེགས་བཤད་གླིང་གི་གྲྭ་རྒན་ཀརྨ་བི་ཛ་ཡས་གསོལ་བ་འདེབས་པ་ལགས། །March 13, 2021

 

 
 
© Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal. www.leksheyling.net