༄༅། །སྔོན་འགྲོའི་ཟིན་བྲིས་བཞུགས་སོ། །

༄༅། །དཔལ་ལྡན་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །སྔོན་འགྲོ་ལ། ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ལས། ཐུན་མོང་ལ། དལ་འབྱོར་རྙེད་པར་དཀའ་བ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་བསྒོམ་པ་བཞི་ལས། །དང་པོ་དལ་འབྱོར་རྙེད་པར་དཀའ་བ་ལ། རྒྱུའི་སྒོ་ནས། ངོ་བོའི་སྒོ་ནས། གྲངས་ཀྱི་སྒོ་ནས། དཔེའི་སྒོ་ནས་རྙེད་པར་དཀའ་བ་བཞི་ལས། རྒྱུའི་སྒོ་ནས་རྙེད་པར་དཀའ་བ་ནི། རྒྱུ་ཚུལ་ཁྲིམས་བསྲུངས་པ་ལས། འབྲས་བུ་མི་ལུས་ཐོབ་པ་ཡིན་ལ་ཚུལ་ཁྲིམས་ནི་མི་དགེ་བ་བཅུ་འཁོར་བཅས་སྤོང་བའི་སེམས་པ་སྟེ། སྤོང་བའི་སེམས་ནི་ཐོབ་པ་ལས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། །ཅེས་གསུངས་སོ། །དེ་སྤོང་མཁན་ཆེས་ཉུང་བས་འབྲས་བུ་མི་ལུས་རྙེད་པར་དཀའ་པའོ། །དེ་ཡང་རྗེ་བཙུན་གྱིས་དལ་འབྱོར་མི་ལུས་མི་དཀོན་དུ། །ཚུལ་ཁྲིམས་སྲུང་བའི་མི་རེ་ཉུང་། །ཞེས་གསུངས་སོ། །ངོ་བོའི་སྒོ་ནས་རྙེད་པར་དཀའ་བ་ནི། དལ་བ་བརྒྱད་ཚང་བ་རྙེད་པར་དཀའ་སྟེ། མི་ཁོམ་པའི་གནས་བརྒྱད་དུ་སྐྱེ་བ་ཆེས་སླ་བས་སོ། །དེ་ཡང་མི་ཁོམ་པ་བརྒྱད་ནི། །དམྱལ་བ་ཡི་དྭགས་དུས་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོངས་པ། །ལྐུག་པ་འདི་དག་མི་ཁོམ་བརྒྱད། །ཅེས་པའི་དམྱལ་བ་ཡི་དྭགས་དུད་འགྲོ་གསུམ་སྡུག་བསྔལ་གྱིས་མནར་བ་དང་། ཀླ་ཀློ་སྟེ་གྲུབ་མཐའི་དབང་དུ་བྱས་པ་ཏག་གཟིག་བ་ལ་སོགས་དང་། ཡུལ་གྱི་དབང་དུ་བྱས་པ་མཐའ་འཁོབ་པ་རྣམས་ནི་མིའི་གཟུགས་སུ་སྣང་ཡང་། དུད་འགྲོ་ལྟར་བྱ་བ་དང་བྱ་བ་མ་ཡིན་པ་མི་ཤེས་པས་དང་། ལྷ་ནི་བག་མེད་པས་དང་། ལོག་པར་ལྟ་བ་ནི་བསམ་པ་ཕྱིན་ཅི་ལོག་ཏུ་གྱུར་པས་དང་། སངས་རྒྱས་ཀྱིས་སྟོངས་པའི་འཇིག་རྟེན་ནི། མུན་པའི་བསྐལ་པ་དང་། གླིང་བར་ལྟ་བུར་སྐྱེས་པ་སྟོན་པའི་སྣང་བ་མེད་པས་དང་། ལྐུག་པ་ནི་ཡིད་ཀྱི་དབང་པོ་མ་ཚང་བ་ལེགས་ཉེས་མི་ཤེས་པས་དམ་པའི་ཆོས་ཉན་པར་མི་ཁོམ་པ་ཞེས་བྱའོ། །འབྱོར་པ་དང་ལྡན་པ་རྙེད་པར་དཀའ་སྟེ། ཡུལ་གྱི་དབུས་སུ་མིར་སྐྱེས་ཤིང་། །དབང་པོ་ཚང་ཞིང་ཆོས་ལ་དད། །ལས་མཐའ་མ་ལོག་མཐའ་རུ་ཕྱིན། །འདི་ལྔ་རང་གི་འབྱོར་པ་ཡིན། །ཡུལ་གྱི་དབུས། སས་བརྩིས་པ་རྒྱ་གར་རྡོ་རྗེ་གདན་ལ་སོགས་པའི་ཡུལ།
©Karma Lekshey Ling Institute