༄༅། །ངེས་དོན་ཕྱག་རྒྱ་ཆེན་པོའི་ཁྲིད་རིམ་གསལ་བྱེད་དེ་བཞིན་ཉིད་ཀྱི་རང་ཞལ་མངོན་སུམ་སྣང་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །

༄༅། །དཔལ་ལྡན་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཆོས་ཅན་རྣམ་ཀུན་ཆོས་ཉིད་བདེ་བ་ཆེར། །མངོན་པར་བྱང་ཆུབ་དོན་གཅིག་གཟིགས་ཉིད་ཀྱིས། །ཐམས་ཅད་མཁྱེན་པའི་ས་ལ་མངའ་མཛད་པ། །དོན་བརྒྱུད་རྗེ་བཙུན་ཚོགས་རྣམས་ཕྱག་གི་གནས། །གང་རྣམས་བྱིན་རླབས་ཆུ་བོའི་རྒྱུན། །མ་ཉམས་གདམས་པ་ཡིད་བཞིན་མཚོར། །སྐལ་བཟང་ངང་མོ་རྣམ་རྩེན་ལ། །ལེགས་བཤད་སྟོན་ཀའི་དུས་བཟང་སྦྱིན། །འདིར་མདོ་རྒྱུད་ཀུན་གྱི་སྙིང་པོའི་ངེས་གནས་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཡིག་ཀུན་མཁྱེན་རྫོགས་པའི་སངས་རྒྱས་པདྨ་དཀར་པོའི་གསུང་གསང་སྔོན་འགྲོ་དངོས་གཞིའི་ཚོམས་དང་རྗེས་སུ་མཐུན་པ་ལས་ཅུང་ཟད་རྒྱས་པར་སྤེལ་བ་ཞིག་འགོད་པར་བྱའོ། །དེ་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ། དང་པོ་ལ། ཆོས་ཉན་པའི་སྦྱོར་བ་ཁུངས་དང་ལོ་རྒྱུས་སོགས་བསྟན་ནས་ངེས་པ་བསྐྱེད་པ། ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱང་བ། ཐུན་མོང་མ་ཡིན་པ་དབེན་པ་གསུམ་སྟོན་པ་རྣམས་ལས། དང་པོ་ནི། དམ་པའི་ཆོས་པདྨ་དཀར་པོ་ལས། །གཙང་ཞིང་ཡིད་དུ་འོང་བའི་ས་ཕྱོགས་སུ། །ཡངས་པའི་སྟན་ནི་རབ་ཏུ་བཤམས་བཏིང་སྟེ། །བཟང་པོའི་ཚོན་གྱིས་ལེགས་པར་ཁ་བསྒྱུར་པའི། །ཆོས་གོས་གཙང་མ་དེ་ནི་རབ་བགོས་ནས། ཞེས་པ་ལྟར་དང་། དེ་ཉིད་ལས། གདོང་དང་བཞིན་གྱི་མདངས་ནི་རབ་སྣུམ་ཞིང་། །ཆོས་ཀྱི་སྟན་ལ་དེ་ནི་རབ་འདུག་ནས། །སེམས་ཅན་ལྷགས་པ་རྩེ་གཅིག་གྱུར་རྣམས་ལ། །གཏམ་མང་རྣམ་པ་སྣ་ཚོགས་ཉེ་བར་སྟོན། །ལེ་ལོ་དག་ཀྱང་རྣམ་པར་རབ་སྤངས་ནས། །སྐྱོ་བའི་རྣམ་པའི་འདུ་ཤེས་བསྐྱེད་མི་བྱ། །མཁས་པ་མི་དགའ་ཐམས་ཅད་རྣམ་པར་སྤངས། །བྱམས་པའི་སྟོབས་ནི་འཁོར་ལ་བསྒོམ་པར་བྱ། །ཞེས་པའི་དོན་བཞིན་སྐྱོ་དུབ་ལ་སོགས་པའི་རྣམ་འགྱུར་མེད་ཅིང་འཁོར་ལ་བྱམས་པའི་ཏིང་ངེ་འཛིན་དང་ལྡན་པ་ལ་སོགས་པའི་སྒོ་ནས་འདི་སྐད་ཅེས་གླེང་བར་བྱའོ། །ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཅན་གྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ངེས་དོན་ཕྱག་རྒྱ་ཆེན་པོའི་སྒོམ་རིམ་གྱི་ཆོས་ཟབ་མོ་ཉན་ཅིང་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་བསམ་པ་ཐུན་མོང་མ་ཡིན་པ་གསལ་གདབ་ཅིང་། རང་གི་རྒྱུ་རྐྱེན་ཕུན་སུམ་ཚོགས་པ་བསམ་པའི་སྒོ་ནས་དགའ་བ་རྒྱ་ཆེན་པོ་སྒོམ་པ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། འཇིག་རྟེན་སངས་རྒྱས་འབྱུང་བ་བརྒྱ་ལམ་སྟེ། །མི་ཡི་ལུས་ནི་ཚེགས་ཀྱིས་རྙེད་པ་ཡིན། །ཀྱེ་མ་དད་པ་དང་ནི་ཆོས་ཉན་པ། །འདི་འདྲ་བསྐལ་པ་བརྒྱར་ཡང་རྙེད་པར་དཀའ། །ཞེས་གསུངས་པའི་དོན་རྗེས་སུ་དྲན་པ་དང་གཞན་ཡང་ལྡོག་ཕྱོགས་ནས་བཤད་པ་ཆོས་ཉན་པའི་ཀུན་ཏུ་སྤྱོད་པའི་གནས་མ་ཡིན་པ་སྐྱོན་གསུམ་དང་དྲི་མ་དྲུག་ལ་སོགས་པ་ལེགས་པར་སྤངས་དགོས་པས་སྐྱོན་གསུམ་ནི། སྣོད་ཁ་སྦུབ་ཀྱི་ནང་དུ་བཅུད་ལུགས་མི་ཐུབ་པ་ལྟར་ཚིག་དོན་ལ་བློ་མི་འཇུག་པ་དང་། སྣོད་ཞབས་རྡོལ་ནང་དུ་བཅུད་མི་ཆགས་པར་འཛག་པ་བཞིན་དུ་ཚིག་དོན་བློ་ལ་མི་གནས་པ་དང་།
©Karma Lekshey Ling Institute