༄༅། །ཁྲིད་ཀྱི་སྔོན་འགྲོའི་ཆོག་ཁྲིགས་ངག་འདོན་དུ་བཀོད་པ་རྡོ་རྗེའི་གྲོང་དུ་འདྲེན་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །

༄༅། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། ། འདིར་སྔོན་འགྲོའི་ཆོག་ཁྲིགས་ཁྱེར་བདེ་བ་ཞིག་བགོད་པར་བྱས་ཏེ། དེ་ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ནི། ནམ་ཕྱི་ཐུན་ཐ་མ་སྐྱ་རེངས་དང་པོ་བཏང་ཙམ་ཕྱི་ཚོད་ན་བདེ་བའི་སྟན་ལ་ལུས་དྲང་པོར་བསྲངས། རླུང་རོ་ལན་གསུམ་བསལ་དབྱངས་གསལ་ལན་གསུམ་བཟླས་པས་ངག་དག་པར་བྱས་ཏེ། རིག་པ་དྭངས་སིང་ངེར་བྱས་ནས་ཐུན་མོང་གི་སྔོན་འགྲོ་ལ་བཞི་ཡོད་པ་ལས། དང་པོ་དལ་འབྱོར་རྙེད་དཀའ་གསལ་བཏབ་པ་ནི། དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ། །སྐྱེས་བུས་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་པ་ཕན་པ་མ་སྒྲུབ་ན། །ཕྱིས་འདི་ཡང་དག་འབྱོར་པ་ག་ལ་གྱུར། ། གཉིས་པ་འཆི་བ་མི་རྟག་པ་ནི། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ། ། གསུམ་པ་ལས་རྒྱུ་འབྲས་ནི། དུས་ཀྱིས་བསྙེན་ནས་རྒྱལ་པོ་འགྲོ་བའི་ཚེ། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དེ་ནི་གར་གནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །
©Karma Lekshey Ling Institute