༄༅། །ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། ཕྱག་རྒྱ་ཆེན་པོའི་མན་ངག་ཐོག་བབས་དང་མགུར་འབུམ་

རྣམས་བཞུགས་སོ། །

༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཕྱག་རྒྱ་ཆེན་པོའི་གདམས་ངག་ཐོག་བབས་དང་། ཡང་ཐོག་ཏུ་གྱུར་བ་འདི་ལ་དོན་གཉིས་ཏེ། ཕྱོགས་སྔ་མ་ལོག་པར་རྟོག་པ་ལྔ་བསལ་བ་དང་། གདམས་ངག་དངོས་སོ། །དང་པོ་ཕྱོགས་སྔ་མ་ལོག་རྟོག་བསལ་བ་ལྔའི་དང་པོ། ངོ་བོ་ལ་ལོག་རྟོག་བསལ་བ་ནི། ད་ལྟའི་སེམས་ངན་པ་སྤངས་ནས། ཕྱིས་ཡེ་ཤེས་བཟང་པོ་འདོད་པ་ཡིན་ལ། གདམས་ངག་འདི་ཡི་ལུགས་ཀྱིས་ཆོས་ཐམས་ཅད་ཀྱི་རྩ་བ་སེམས་ཡིན་ཏེ། དེ་ལ་གང་ཡང་སྤང་དུ་མེད་པའི་ཕྱིར་རོ། །གཉིས་པ་ཡུལ་ལ་ལོག་པ་བསལ་བ་ནི། དུག་ལྔ་སྤང་བར་འདོད་པ་དེ། གདམས་ངག་འདི་ཡི་ལུགས་ཀྱིས། ལམ་དུ་འཁྱེར་བའོ། །གསུམ་པ་དུས་ལ་ལོག་པར་རྟོག་པ་བསལ་བ་ནི། བསྐལ་པ་གྲངས་མེད་པ་གསུམ་གྱིས་རྟོགས་པར་འདོད་པ་དེ། གདམས་ངག་འདིའི་ལུགས་ཀྱིས་ད་ལྟ་རང་རྟོགས་པར་འདོད་པའོ། །བཞི་པ་ཤེས་རབ་ལ་ལོག་པར་རྟོག་པ་བསལ་བ་ནི། རིག་པས་རྟོགས་པར་འདོད་པ་དེ། གདམས་ངག་༼༢ན༽འདི་ཡི་ལུགས་ཀྱིས་གདམས་ངག་གིས་རྟོགས་པར་འདོད་པའོ། །ལྔ་པ་སངས་རྒྱས་དང་སེམས་ཅན་ལ་བཟང་ངན་དུ་བྱེད་པའི་ལོག་པར་རྟོག་པ་བསལ་བ་ནི། རང་གིས་སེམས་རྟོགས་མ་རྟོགས་ལས་ཁྱད་པར་གཞན་མེད་པའོ། །གདམས་ངག་ལ་གསུམ་སྟེ། དང་པོ་སྒོམ་མགོ་རྩོམ་པ་ལ་མཁས་པ། བར་དུ་ཉམས་བརྟེན་པ་ལ་མཁས་པ། ཐ་མ་འཕྲོ་གཅོད་པ་ལ་མཁས་པའོ། །དང་པོ་སྒོམ་མགོ་རྩོམ་པ་ལ་མཁས་པ་ལ་གཉིས། ལུས་ཀྱི་བཞག་ཐབས་དང་སེམས་ཀྱི་བཞག་ཐབས་སོ། །དང་པོ་ལུས་ཀྱི་བཞག་ཐབས་ནི། རྣམ་པར་སྣང་མཛད་ཀྱི་ཆོས་བདུན་དང་ལྡན་པའོ། །གཉིས་པ་སེམས་ཀྱི་བཞག་ཐབས་ལ་གཉིས། སེམས་མ་འཁྲུལ་བ་ལ་ངོས་བཟུང་བ་དང་། སེམས་འཁྲུལ་བ་ལ་ངོས་བཟུང་བའོ། །དང་པོ་སེམས་མ་འཁྲུལ་བ་ལ་ངོས་བཟུང་བ་ནི། སེམས་ཀྱི་ངོ་བོ། བདེ་གསལ་མི་རྟོག་པ་དེ་མ་བཅོས་པར། རང་ལུགས་རྩོལ་སྒྲུབ་དང་བྲལ་བར་ཐོག་བབས་སུ་བཞག་གོ །གཉིས་པ་སེམས་འཁྲུལ་པ་ལ་ངོས་བཟུང་བ་ལ་བཞི། བལྟ་བའི་ཡུལ་དང་། ལྟ་༼༢བ༽ཐབས་དང་། མཐོང་ཚད་དང་། མཐོང་ལུགས་སོ། །དང་པོ་བལྟ་ཡུལ་ནི། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པའི་རྣམ་པར་རྟོག་པའོ། །གཉིས་པ་ལྟ་ཐབས་ནི། རྣམ་པར་རྟོག་པ་གང་བྱུང་ལ། ཤེས་རབ་ཀྱི་མིག་གིས་ཐོག་བབས་སུ་བལྟ་བའོ། །གསུམ་པ་མཐོང་ཚད་ནི། རྣམ་པར་རྟོག་པ་བུད་པའི་ཤུལ་ན་སེམས་མེད་པ་མ་ཡིན་ཏེ། སེམས་ངོ་བོ་སྟོང་པ། སིང་ངེ་ཡེ་རེ་བ་ཅིག་འདུག་པ་དེ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའོ། །
©Karma Lekshey Ling Institute