༄༅། །རྗེ་རྒོད་ཚང་པའི་རྣལ་འབྱོར་བཞིའི་ཟབ་འགྲེལ་བཞུགས་སོ། །

༄༅། །ཨོཾ་བཛྭ་གུ་རུ་ཌཱ་ཀི་ནི་སིདྡྷི་ཧཱུྃ་ཕཊ྄ཿ། ན་མོ་རཏྣ་གུ་རུ། སྐུ་གསུམ་ལྷུན་གྲུབ་ཐམས་ཅད་མཁྱེན་པར་ལྡན་པའི་དཔལ། །དམིགས་མེད་ཐུགས་རྗེས་བརྩེ་བ་ཆེན་པོ་ཡིས། །འགྲོ་བ་བུ་བཞིན་གཟིགས་ནས་དགོས་འདོད་ཆར་བཞིན་འབེབས། །མ་རིག་མུན་པར་གནས་པའི་སེམས་ཅན་ལོང་བ་རྣམས། །མཁྱེན་གཉིས་སྤྱན་གྱིས་ཐར་ལམ་འཁྲིད་མཁན་མཆོག །ཆོས་རྗེ་རིན་པོ་ཆེ་ལ་གུས་པར་ཕྱག་འཚལ་ལོ། །དེ་ལ་འཇིག་རྟེན་གསུམ་གྱི་མགོན་པོ་བླ་མ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་རྒོད་ཚང་པ་འདི་ཡང་སྐྱེ་བ་དཔག་ཏུ་མེད་པའི་སྔོན་རོལ་དུ་སངས་རྒྱས་ཤིང་། གདུལ་བྱ་བསམ་གྱིས་མི་ཁྱབ་པ་སྨིན་ཅིང་གྲོལ་བའི་ལམ་ལ་བཀོད་པའི་སངས་རྒྱས་ཡིན་པར་འདུག་ཀྱང་། སྐྱེ་བ་འདིར་གདུལ་བྱའི་སྣང་ངོ་དང་བསྟུན་ནས། སྤྲུལ་པའི་སྐུ་འཇིག་རྟེན་འདིར་བྱོན། རྗེ་རིན་པོ་ཆེ་ལ་སྦྱང་གཞི་སྦྱོང་བྱེད་ཀྱིས་སྦྱང་རྒྱུ་མེད་ཀྱང་། གང་ཟག་རིམ་སྐྱེས་པ་རྣམས་ཀྱི་བློ་རིམ་གྱིས་དྲངས་ཞིང་བྲོད་པ་སྐྱེ་བར་བྱ་བའི་ཕྱིར་དང་། ལོག་ཤེས་ཅན་རྣམས་ཀྱི་འཁྲུལ་པ་སེལ་བར་མཛད་པ་དང་། རྟོགས་ཤིང་ཉམས་སུ་མྱོང་བ་རྣམས་ཀྱི་ངོ་སྤྲོད་པར་མཛད་ཅིང་ངེས་ཤེས་སྐྱེད་པ་དང་། རྗེས་འཇུག་མ་འོངས་པ་རྣམས་ལ་སྣང་བར་མཛད་པའི་དོན་དུ། རྗེ་རིན་པོ་ཆེ་ཡང་ལམ་རིམ་གྱིས་སྦྱང་པ་ལྟར་སྐྱེ་ཚུལ་བསྟན་པར་གདའོ། །དེ་ལ་བླ་མ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་བཀོད་པ་རིན་པོ་ཆེ་དེ། མཐོང་བ་ཙམ་གྱིས་བ་སྤུ་གཡོ་ཞིང་། བལྟས་པ་ཙམ་གྱིས་ཟག་པ་མེད་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བ། དབང་པོ་ལ་ཡུལ་གཞན་གྱིས་བསྐྱོད་མི་ནུས་པ་དེ། འཚོགས་པ་རྣམས་ལ་ཞལ་བསྟན། གསུང་ཚངས་དབྱངས་ཀྱི་སྒྲ་རིན་པོ་ཆེ་དེ་ཐོས་པ་ཙམ་གྱིས་དང་བ་འདྲེན་ཅིང་།
©Karma Lekshey Ling Institute