༄༅། །ཕྱག་རྒྱ་ཆེན་པོ་རྣལ་འབྱོར་བཞིའི་རིམ་པ་སྙིང་པོ་དོན་གྱི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། །

 

༄༅། །ན་མོ་གུ་རུ་ཤྲཱི་བཛྭ་ཡོ་གི་ནི། གཉིས་མེད་རང་བཞིན་ཕྱག་རྒྱ་ཆེན་པོའི་གནས། །སངས་རྒྱས་ཆོས་དང་དགེ་འདུན་དེ་རང་བཞིན། །རྡོ་རྗེ་འཆང་ཆེན་དབྱེར་མེད་ས་ར་ཧ། །ཀླུ་སྒྲུབ་ཡབ་སྲས་རི་ཁྲོད་རྗེས་འབྲངས་དང་། །བྲམ་ཟེ་བཟང་པོ་དཔལ་ལྡན་ཏོག་ཙེ་པ། །དབང་ཕྱུག་མི་ལ་དྭགས་པོ་ཡབ་སྲས་ལ། །ཕྱག་བཟང་པོ་ཡིས་བཏུད་དེ་གསུང་འདི་བཀོད། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་རིགས་དྲུག་པ་རྡོ་རྗེ་འཆང་ཆེན་པོ་དེས། །བྱིན་གྱིས་བརླབས་ཤིང་དེ་དང་གཉིས་སུ་མེད་པ། མཆོག་གི་བྱིན་རླབས་ཀྱིས་ཚེ་འདི་ཉིད་ལ་མངོན་པར་རྫོགས་པར་སངས་རྒྱས་པ་ནི། བྲམ་ཟེ་ཆེན་པོ་ས་ར་ཧ་ཡིན་ཏེ། བསྟན་པ་འདི་ལ་རྡོ་རྗེ་ཐེག་པའི་སྒོ་ནས་གྲུབ་པ་བརྙེས་པ་ལ་སྔ་བའི་གྲུབ་ཆེན་བརྒྱད་ཅུའི་སྤྱི་མེས་ཆེན་པོ་ཡིན་ནོ། །དེའི་བརྒྱུད་པ་འཛིན་པ་ཀླུ་སྒྲུབ་ཡབ་སྲས་སམ། རི་ཁྲོད་རྗེ་འབངས་སམ། བྲམ་ཟེ་བཟང་པོའི་ཞབས་སམ། ཏོག་ཙེ་པ་ལ་སོགས་པ་ཡིན་ཏེ། དེའང་འཛམ་བུའི་གླིང་ན་ཕྱག་རྒྱ་ཆེན་པོ་ཞེས་གྲགས་ཤིང་། །སྙིང་པོ་དོན་གྱི་བརྒྱུད་པ་འཛིན་པ་ཐམས་ཅད་ཀྱི་བརྒྱུད་པའི་ཆུ་མགོ་བྲམ་ཟེ་ཆེན་པོ་ས་ར་ཧ་ལ་མ་ཐུག་པ་མེད་པ་ཡིན་ནོ། །དེ་ཉིད་ནས་དོན་གྱི་བརྒྱུད་པ་དང་བྱིན་བརླབས་ཀྱི་འཕོ་བ་གཉིས་སུ་མེད་པའི་ཡེ་ཤེས་ཆིག་བརྒྱུད་ཟམ་མ་ཆད་པའི་བཀའ་བབས་ཤིང་བཅུད་འདུས་པ་ནི་ཚེ་གཅིག་ལུས་གཅིག་ལ་མཆོག་གི་དངོས་གྲུབ་བརྙེས་པའི་དབང་ཕྱུག་བཞད་པ་རྡོ་རྗེ་ཞེས་མཚན་ཉི་ཟླ་ལྟར་གྲགས་པ་དེ་ཉིད་ཡིན་ལ། དེའི་ཐུགས་སྲས་རྣམས་ཀྱི་ནང་ནས་མཆོག་དང་གཙོ་བོར་གྱུར་ཅིང་ལུང་བསྟན་མང་དུ་ཐོབ་པ་ནི་རྗེ་དྭགས་པོ་རིན་པོ་ཆེ་ཡིན་ཏེ། ཐུབ་པ་ཆེན་པོ་ཉིད་ཀྱིས་མདོ་རྒྱུད་དུ་མ་ནས་ལུང་བསྟན་ཅིང་། ཁྱད་པར་དུ་ཏིང་འཛིན་རྒྱལ་པོའི་མདོ་དང་། སྙིང་རྗེ་པདྨ་དཀར་པོའི་མདོ་ལས་གསལ་བར་ལུང་བསྟན་པའི་བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུ། ལྔ་བརྒྱ་པའི་དུས་སུ་ཚད་མེད་པའི་ཐུགས་རྗེས་དགེ་སློང་འཚོ་བྱེད་ཀྱི་མིང་ཅན། འཇིག་རྟེན་གསུམ་དུ་གྲགས་པའི་དྭགས་པོ་ལྷ་རྗེ་ཞེས་བྱ་བ་བྱོན་ནས།
©Karma Lekshey Ling Institute