༄༅། །སྙིང་པོ་དོན་གྱི་མན་ངག་སེམས་ཀྱི་མེ་ལོང་བཞུགས་སོ། །

༄༅། །བླ་མ་མཆོག་གི་ཞབས་ཀྱི་པདྨོ་ལ་ཕྱག་འཚལ་ལོ། །གཉུག་མའི་མདའ་གཅིག་བསྣུན་པས་ཅིག་ཅར་དུ། །གཉིས་སྣང་མ་ལུས་གཤེད་དང་བྲལ་མཛད་པས། །སྙིང་པོ་དོན་གྱི་འཕོངས་མཁས་རེ་རྣམས་ཡིད། །གུས་པའི་ལྷུང་སར་གྱུར་ལ་ཕྱག་འཚལ་ལོ། །ཆོས་ཕུང་བྱེ་བའི་ཆུ་ཀླུང་ཀུན་འཐུངས་པས། །མན་ངག་རིན་ཆེན་རྣམས་ཀྱི་གནས་གྱུར་པ། གཏིང་མཐའ་མི་མངོན་བློ་གྲོས་ཆུ་གཏེར་ཆེའི། །བདག་པོ་གང་དེར་རྟག་ཏུ་ཕྱག་འཚལ་ལོ། །བདག་ནི་མཆོག་དེའི་ཞབས་སེན་ཆུ་སྐྱེས་གང་། །བདེ་འབྱུང་རལ་པའི་རྒྱན་དུ་རྟག་ཐོབ་པས། །ཡང་དག་ཕུལ་གྱི་ལྟད་མོར་ཚོགས་པའི་ཁྲོད། །ཤེས་རབ་མཛེས་པའི་དཔལ་གྱིས་འཕྱུར་བ་སྙམ། །སྙིང་པོ་དོན་གྱི་མན་ངག་བྲམ་ཟེ་ཆེན་པོ་ས་ར་ཧའི་ཞལ་ལས་བྱུང་བ། རྙེད་པར་དཀའ་བའི་གནས་གསལ་བར་བྱ་སྟེ། ཡིད་ཆེས་པའི་ལོ་རྒྱུས་དང་། དོ་ཧ་རྡོ་རྗེའི་གླུ་རྣམ་པར་འབྱེད་པ་གཉིས་ལས། དང་པོ་ནི། བྱང་ཆུབ་སེམས་དཔའ་ཐུགས་ཀྱི་རྡོ་རྗེ་ཇི་ལྟ་བར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་མཛོད་མ་ལུས་པ་འཛིན་པའི་སྒྲ་བསྒྱུར་གྱི་དབང་པོ་མར་པའི་ཞལ་སྔ་ནས།
©Karma Lekshey Ling Institute