༄༅། །ཕྱག་རྒྱ་ཆེན་པོའི་མན་ངག་གི་གནད་བསྡུས་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །

ན་མོ་མཧཱ་མུ་དྲཱ་ཡ། ཀུན་ལ་ཁྱབ་ཅིང་གདལ་བ་ཆོས་ཀྱི་སྐུ། །རང་རིག་གདོད་མའི་སེམས་དང་དབྱེར་མེད་པར། །སྟོན་མཛད་འགྲོ་བའི་བླ་མ་རྡོ་རྗེ་འཆང་། །ངག་དབང་བཟང་པོས་དེང་འདིར་བདེ་ལེགས་མཛོད། །དད་བརྩོན་ཤེས་རབ་ནམ་མཁའི་ཁྱོན་ཡངས་པར། །ཐུབ་བསྟན་ཉིན་མོར་བྱེད་པའི་དཀྱིལ་འཁོར་ནི། །བག་ཡོད་དྲན་པའི་རྟ་ལྗང་གིས་དྲངས་ཚེ། །ཀུན་རྨོངས་མུན་པའི་དཔུང་ཚོགས་ག་ཤེད་བྲོས། །བཅོས་མའི་དམིགས་གཏད་ལྕགས་ཀྱུས་རིག་པའི་རྩལ། །ཡང་ཡང་འགུགས་པའི་ངལ་བས་ཅི་ཞིག་བཏུབ། །རང་བབས་གཉུག་མའི་རང་འགྲོས་འདི་ཁོ་ནས། །འཆིང་གྲོལ་མེད་པའི་ལམ་བཟང་དབྱེ་བར་བྱ། །ཐུབ་པ་ཆེན་པོའི་གསུང་རབ་དགོངས་འགྲེལ་བཅས། །མཐའ་དྲུག་ཚུལ་བཞིས་དངོས་བརྒྱུད་འཆད་ཚུལ་རྣམས། །ཕྱག་རྒྱ་ཆེན་པོ་རྟོགས་པའི་ཐབས་སུ་གཅིག །འདིར་ནི་གཅེར་མཐོང་མངོན་སུམ་ཉིད་དུའོ། །གཞི་ལམ་འབྲས་བུའི་ཕྱག་ཆེན་རྣལ་འབྱོར་བཞིས། །འཆད་པ་སྒྲུབ་བརྒྱུད་འདི་ཡི་བཀའ་སྲོལ་ཏེ། །མ་བསླད་མི་གནས་མི་འགལ་མི་དམིགས་པ། །གཞི་ལ་གནས་པའི་རྣལ་འབྱོར་རྣམ་བཞིའོ། །ཡེ་དག་ཡེ་རྫོགས་སེམས་ཀྱི་རང་བཞིན་འདིར། །དྲི་མ་བསལ་དང་དྲི་མེད་བཞག་རྒྱུ་ཞིག །མེད་ཕྱིར་གང་གིས་མ་བསླད་བཅིངས་གྲོལ་མེད། །གཉིས་བརྗོད་མཐའ་བྲལ་བསམ་བརྗོད་ཡུལ་མི་གནས། །གང་ཡང་མིན་ཀྱང་གང་དང་མི་འགལ་བར། །ཇི་སྙེད་ཆོས་ཀྱི་རྗེས་སུ་འཇུག་ལྡོག་མཁན། །ཇི་བཞིན་བརྗོད་པ་རྒྱལ་བའང་ཚིག་གིས་དབུལ། །དཔེ་བྲལ་མི་དམིགས་ཆོས་འདི་ངོ་མཚར་ཆེ། །གཤིས་ལ་སངས་རྒྱས་སེམས་ཅན་རྣམ་དབྱེ་མེད། །འཁོར་བར་འཁྱམ་མེད་མྱང་འདས་ཐོབ་མཁན་མེད། །སུ་ཡང་མ་བཅིངས་སུ་ཡང་གྲོལ་བ་མེད། །དགེ་བས་མ་ཕན་སྡིག་པས་གནོད་པ་མེད། །དེ་ལྟར་ལགས་ཀྱང་རྨོངས་པ་གློ་བུར་བས། །འཁྲུལ་མཁན་མེད་པའི་འཁྲུལ་པ་འདི་ལྟར་བཟོས། །རང་གི་རང་བཅིངས་སྲིན་བུའི་ཁ་ཆུ་བཞིན། །རང་གིས་རང་གྲོལ་སྦྲུལ་གྱི་
©Karma Lekshey Ling Institute