༄༅། །ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་ཁྲིད་ཡིག་བདེ་སྟོང་གར་བརྒྱའི་རོལ་རྩེད་ཅིར་སྣང་ཆོས་སྐུའི་རྒྱ་ཡན་ཞེས་བྱ་བ་བཞུགས་སོ། །
༄༅། །དཀར་བརྒྱུད་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །འདིར་ཐ་མལ་གྱི་ཤེས་པ་ཡང་དག་པའི་ཡེ་ཤེས་སུ་ངོ་སྤྲོད་པར་བྱེད་པ་ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་ཁྲིད་ལ། བརྒྱུད་པའི་ཁུངས་དང་། གདམས་པ་གཉིས་ལས། དང་པོ་ནི་བརྒྱུད་པའི་གསོལ་འདེབས་བཞིན། གཉིས་པ་ལ་སྔོན་འགྲོ། དངོས་གཞི་གཉིས་ལས། དང་པོ་ལ། དལ་འབྱོར་རྙེད་དཀའ་བསམ་པ་སོགས་ཐུན་མོང་གི་སྔོན་འགྲོས་སྐྱེས་བུ་ཆུང་ངུ་དང་འབྲིང་པོའི་ལམ་དུ་འཇུག་པའི་སྒོ་ཕྱེ། སྐྱབས་འགྲོ་སེམས་བསྐྱེད་སོགས་ཐུན་མོང་མ་ཡིན་པའི་སྔོན་འགྲོས་སྐྱེས་བུ་ཆེན་པོའི་འཇུག་ངོགས་སུ་བློ་སྦྱང་བ་གཉིས་སོ། །དངོས་གཞི་ལ། དང་པོ་སེམས་ཀྱི་བརྡར་ཤ་བཅད་པ། གཉིས་པ་སེམས་ཀྱི་བཞག་ཐབས་བསྟན་པ། གསུམ་པ་སེམས་ཀྱི་གོལ་ས་བཅད་པ། བཞི་པ་སེམས་ཀྱི་ལམ་ཁྱེར་བསྟན་པ་དང་བཞི་ལས། དང་པོ་ནི། ལུས་གནད་རྣམ་པར་སྣང་མཛད་ཀྱི་བྱེད་པ་བཅིངས་པའམ་ཅི་བདེར་བཞག ངག་གནད་རླུང་རོ་བསལ་ཏེ་མི་སྨྲ། སེམས་གནད་དུས་གསུམ་གྱི་སྤྲོས་པས་མ་བསླད་པར་རང་བབས་སུ་བཞག་དེའི་ངང་མ་ཤོར་ཙམ་ནས། ད་ལྟའི་རིག་པ་འགྱུ་འགྱུ་བ་འདི་ཀ་སོ་སོར་རྟོག་པའི་ཤེས་རབ་ཏུ་ལངས་ནས་ཁ་ནང་དུ་ལོག་པའི་དཔྱད་པ་འདི་བྱ་སྟེ། སེམས་ཡུལ་ལ་མི་འཇུག་པར་གནས་ཚེ། གང་དུ་གནས། གང་ཞིག་གནས། ཇི་ལྟར་གནས། དེའི་དུས་སུ་འགྱུ་བ་དེ་གང་དུ་སོང་ལེགས་པར་བརྟག འགྱུ་བའི་ཚེ་གང་ལས་འགྱུ། ཇི་ལྟར་འགྱུ། དེའི་དུས་སུ་གནས་པ་དེ་གར་སོང་ཞེས་བརྟགས་པས། གནས་འགྱུ་གཉིས་ཀ་ལ་ངོས་བཟུང་མེད་པར་གོ་ན། བརྟག་མཁན་གྱི་ཤེས་པ་དེ་དང་གནས་འགྱུ་ཐ་དད་ཡིན་ནམ་འོན་ཏེ་མིན། ཐ་དད་ན་གནས་པའི་ཚེ་འགྱུ་བ་མེད། འགྱུ་བའི་དུས་སུ་གནས་པ་མེད། དཔྱོད་མཁན་སླེབ་དུས་དེ་གཉིས་ཀ་མི་དམིགས་པ་འདི་ཅི་ལས་གྱུར། ཐ་དད་མིན་ན་གནས་འགྱུ་རིག་གསུམ་གྱིས་བསྡུས་པའི་སྣ་ཚོགས་ཀྱི་ཕུང་པོ་འདི་གང་ཞིག་ཡིན་ཞེས་དཔྱད་པས། དེ་གསུམ་ངོ་བོ་གཅིག་པར་གོ་ན། ངོ་བོ་གཅིག་པུ་དེ་དངོས་པོའམ་དངོས་མེད་སོགས་གཉིས་ཆོས་ཅན་ཞིག་ཡིན་ནམ། གཅིག་པོ་གང་ཞིག དང་པོ་ལྟར་ན་དངོས་པོ་ཡིན་ཚེ་ཁ་དོག་དང་དབྱིབས་ཅན་གང་ཡིན། དངོས་པོ་མེད་པ་ཞིག་ན་དོན་བྱེད་འདི་ཙམ་ཞིག་ནུས་པའི་རྒྱུ་མཚན་གང་ཡིན། ཕྱི་མ་ལྟར་ན་གཅིག་པུའི་བྱུང་གནས་འགྲོ་གསུམ་བརྟག་པར་བཟོད་དགོས་རྒྱུ་ལ་མི་བཟོད་འདུག་པ་འདི་ཅི་རེད་ཅེས་དཔྱད། དཔྱད་གཞི་དེ་མི་དམིགས་ཚེ་དཔྱོད་བྱེད་ཀྱི་རིག་པའང་ཉེ་བར་ཞི་བ་འདི་ལ་དགོངས་ནས་ཤིང་གཉིས་དྲུད་པའི་དཔེ་གསུངས་པ་ཡིན་ལ། |