༄༅། །ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་དངོས་གཞིའི་ཁྲིད་ཡིག་ཅུང་ཟད་སྤྲོས་པ་སེམས་ཀྱི་རྡོ་རྗེའི་ངེས་གནས་གསལ་བར་བྱེད་པ་ཞེས་བྱ་བ་ལེགས་པར་བཞུགས་སོ། །

༄༅། །དཔལ་ལྡན་བླ་མ་སེམས་ཀྱི་རྡོ་རྗེ་ལ་གུས་པས་ཕྱག་འཚལ་ལོ། །ཇི་ལྟའི་གནས་ལུགས་དོན་བཞིན་ཉེར་གཟིགས་པས། །ཇི་སྙེད་ཤེས་བྱར་མཁྱེན་བཟང་པདྨའི་འདབ། །རྒྱ་ཆེར་རྒྱས་པའི་སྤྱན་ཡངས་རྩ་བརྒྱུད་ཀྱི། །རྡོ་རྗེ་ཅན་རྣམས་ཞབས་ཀྱི་པདྨོར་འདུད། །དྲི་མས་མ་བསླད་སྟོང་གསལ་གཞིའི་གནས་ལུགས། །རང་བཞིན་ཡོངས་ཤེས་མ་ཡེངས་ལམ་གྱི་མཆོག །སྐུ་དང་ཡེ་ཤེས་ལྷུན་རྫོགས་འབྲས་བུའི་ཆོས། །རྣམ་གསུམ་ཕྱག་རྒྱས་འགྲོ་འདི་སྐྱོངས་གྱུར་ཅིག །རྒྱ་ཆེན་ཆོས་ཀུན་སྙིང་པོའི་ཐིག་ལེ་མཆོག །གྲུབ་བརྙེས་བྱེ་བའི་ཐུགས་བཅུད་མྱུར་བདེའི་ལམ། །རྟོག་གེའི་རྣ་བར་བཟོད་དཀའི་གཏམ་ཆེན་པོ། །རྡོ་རྗེ་འཆང་རྒྱལ་ཕྱག་རྒྱའི་མཐར་ཐུག་པ། །ཚུལ་འདིས་སྐལ་ལྡན་ཁྲིད་ཐབས་ཚིག་ཉུང་ཡང་། །རྒྱ་ཆེན་དོན་ལྷོངས་ཟབ་མོའི་བྱིན་རྒྱས་པར། །དཔལ་ལྡན་པདྨ་དཀར་པོས་ཉེར་སྩལ་གང་། །ཅུང་ཟད་སྤྲོས་པས་ཉན་འདོད་ཚིམ་པར་བྱ། །འདིར་ཀུན་མཁྱེན་རྫོགས་པའི་སངས་རྒྱས་པདྨ་དཀར་པོའི་གསུང་གསང་ཕྱག་རྒྱ་ཆེན་པོའི་དངོས་གཞིའི་ཁྲིད་ཡིག་ཟབ་མོ་གནད་ཀྱི་སྙིང་པོ་འདི་ཉིད་ཅུང་ཟད་སྤྲོས་ནས་འཆད་ཐབས་ཀྱི་རེག་ཟིག་བགྱིད་པ་ལ་ཞུགས་སོ། །འདི་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། སྔོན་འགྲོ་ལ་ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་སུ་ཡོད་པའི་སྔ་མའི་ཁྲིད་ཚུལ་སྤྲོས་པ་ནི་གཞན་དུ་བཤད་པར་བྱ་ལ། །འདིར་ནི་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ནས་བརྩམས་ཏེ་སྟོན་ནོ། །དེ་ཡང་འདི་སྐད་ཅེས་འདོམས་པར་བྱ་སྟེ། འདིར་ཐ་མལ་གྱི་ཤེས་རྒྱུད་ཡང་དག་པའི་ཡེ་ཤེས་སུ་ངོ་སྤྲོད་པར་བྱེད་པ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་འདི་འཆད་པ་སྐབས་སུ་བབ་པ་ཡིན་ཏེ།
©Karma Lekshey Ling Institute