༄༅། །ཕྱག་རྒྱ་ཆེན་པོའི་ལྟ་སྒོམ་སྤྱོད་གསུམ་གྱི་ཉམས་སུ་ལེན་ཚུལ་ཞལ་གདམས་གསེར་ཞུན་མ་བཞུགས་སོ། །

༄༅། །ན་མོ་གུ་རུ་པྲ་བྷ་ཀཱ་ར་ཡེ། སྐྱབས་གནས་བསླུ་མེད་ཀུན་འདུས་འབྲུག་པ་རྗེ། །ད་ནི་མི་འབྲལ་རྒྱུན་དུ་གསོལ་བ་འདེབས། །ཁྱེད་ཆོས་ལ་བག་ཆགས་བྱེད་པ་རྣམས། །སྙིང་ནས་ཆོས་འབྲེལ་ཚིག་གསུམ་ཞུ། །སྤྱིར་མི་ལུས་ཐོབ་པ་ད་རེས་ཙམ། །སྒོས་སྡོམ་གསུམ་ལྡན་པ་ཤིན་ཏུ་དཀོན། །ལུས་འདི་འདྲ་ཐོབ་པའི་དུས་འདི་རུ། །ཆོས་རྣམ་དག་འབད་པར་མ་བྱས་ན། །ལུས་འདི་འདྲ་ཕྱིས་ནས་མི་རྙེད་པས། །དུས་འདི་ལ་ཕྱག་དང་བསྐོར་བ་མཛོད། །དགྲ་འཆི་བདག་གཤིན་རྗེ་ཁད་བཙན་པོ། །ཁོ་ནམ་ཡོང་ཏིག་ཏིག་མི་འདུག་པས། །ཆོས་བྱེད་བསམ་ཡོད་ཀྱང་འཆི་བས་གཏུག །ཁྱེད་ད་ནི་སྡིག་སྤོངས་དགེ་བ་སྒྲུབས། །གནས་ངན་སོང་གསུམ་གྱི་སྡུག་བསྔལ་དེ། །ཚིག་རྣ་བས་ཐོས་ཀྱང་བློ་སྙིང་འདར། །འདི་ཐོག་ཏུ་བྱུང་ན་ཇི་ལྟར་བྱེད། །དེ་སོམས་ལ་སྡིག་པ་དུག་ལྟར་འཛེམ། །གནས་ཐར་མེད་འཁོར་བའི་སྡུག་བསྔལ་ལས། །སྐྱོབ་ནུས་པར་བྱེད་པ་དཀོན་མཆོག་གསུམ། །ཁྱེད་མི་འབྲལ་སྙིང་ནས་གསོལ་བ་ཐོབ། །མ་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀུན། །སྔོན་ཚེ་རབས་མང་པོའི་ཕ་མ་ཡིན། །འདི་འཁོར་བའི་གནས་སུ་སྡུག་རེ་བསྔལ། །ཆོས་ཅི་བྱེད་འགྲོ་བའི་དོན་ལ་བསྔོ། །རྗེ་མཚན་ལྡན་བླ་མ་སྤྱི་བོར་བསྒོམ། །སྙིང་རུས་པའི་གཏིང་ནས་གསོལ་བ་འདེབས། དེ་འོད་ཞུ་རང་གི་སེམས་དང་བསྲེ། །དེ་མ་བཅོས་རང་གི་སེམས་ལ་ལྟོས། །ལར་ཕྱི་ནང་གསང་གསུམ་གར་འགྲོ་ལྟོས། །སེམས་མ་བཅོས་དེ་ཡི་ངང་ལ་ཞོག །སེམས་ཡོད་པ་མ་ཡིན་དངོས་པོ་མེད། །མེད་པ་མ་ཡིན་ཅི་ཡང་དྲན། །སེམས་རེས་འགའ་གནས་ཏེ་རེས་འགའ་འགྲོ། །ཁྱེད་སེམས་ལ་བྱ་ར་རྒྱུན་དུ་མཛོད། །སེམས་ངོ་བོ་སྟོང་པར་འདུག་པ་དེ། །
©Karma Lekshey Ling Institute