༄༅། །ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་དངོས་གཞིའི་ཁྲིད་ཡིག་ཟབ་དོན་རྒྱ་མཚོའི་ལམ་ཚང་བླ་ན་མེད་པ་ཞེས་བྱ་བ་བཞུགས་སོ། །

༄༅། །བཀའ་བརྒྱུད་རིན་པོ་ཆེ་ཡེ་ཐོག་སངས་རྒྱས་ཆོས་སྐུ་ཀུན་ཏུ་བཟང་། །ངེས་པ་ལྔ་ལྡན་ལོངས་སྐུ་རྡོ་རྗེ་འཆང་། །བཅུ་གཉིས་མཛད་སྟོན་མཆོག་སྤྲུལ་ཐུབ་པའི་དབང་། །ངོ་བོ་ཉིད་སྐུ་དཔལ་ལྡན་པདྨ་སྐྱེས། །སངས་རྒྱས་ཉག་གཅིག་བརྒྱུད་པའི་རྗེ་བཙུན་ཚོགས། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མའི་ཞབས། །དཀོན་མཆོག་རྩ་གསུམ་སྐྱབས་གནས་རྫོགས་པར་འདུད། །མཁའ་མཉམ་འགྲོ་ཀུན་རྣམ་གྲོལ་བྱིན་གྱིས་རློབས། །འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བརྗོད་དོན་འཆད་པའི་གཞུང་ལུགས་རྒྱ་བོད་དུ་བྱོན་པའི་པཎ་གྲུབ་ཇི་སྙེད་པས་བཀྲལ་བ་ལ་བསམ་གྱིས་མི་ཁྱབ་ཀྱང་། གངས་ཅན་འདིར་རང་གཞན་གྱི་གྲུབ་མཐའ་སྨྲ་བའི་མཁས་གྲུབ་མང་པོས། གདུལ་བྱ་མཆོག་གི་སྐལ་བ་ཅན་རྣམས་ལ་ལེགས་པར་འདོམས་པའི་མན་ངག་ཆེན་པོ་རྣམ་གསུམ་དུ་གྲགས་པའི་ནང་ཚན་ནས། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་དངོས་གཞིའི་ཁྲིད་རིམ་ཟབ་དོན་རྒྱ་མཚོའི་ལམ་ཚང་བླ་ན་མེད་པ་ཉིད་ཀྱི་ཚུལ་མདོ་ཙམ་ཞིག་བརྗོད་པར་བྱ་བ་ལས། གང་ཞིག་སྐལ་ལྡན་གྱི་སྐྱེས་བུ་རྣམས་ཚེ་གཅིག་གིས་བྱང་ཆུབ། འབྲས་བུ་རང་རིག་གཞི་ཐོག་ལས་བསྒྲུབ་པར་འདུན་པ་རྣམས་ཀྱིས་ནི། ལམ་ཐམས་ཅད་ཀྱི་སྙིང་པོའི་ཡང་སྙིང་ངེས་དོན་ཟབ་མོ་བླ་ན་མེད་པ་འདི་ཉིད་ལ་འཇུག་ཅིང་ཡང་དག་པར་ཉམས་སུ་ལེན་པར་བྱ་དགོས་པའོ། །དེ་ལ་ཚུལ་བཤད་བྱ་ཐ་སྙད་ཀྱི་བརྡ་དང་སྡེབ་སྦྱོར་གཙོ་བོར་བྱས་ན་ཕལ་ཆེར་གྱིས་ཅུང་ཟད་གོ་དཀའ་བར་དོགས་པས་གོ་བདེའི་ཚུལ་དུ་བཤད་པར་བྱ་བ་འདི་བཞིན་ཡིན། དེ་ལ་དང་པོ་སྔོན་དུ་འགྲོ་བའི་རིམ་པ། གཉིས་པ་དངོས་གཞིའི་རིམ་པ། གསུམ་པ་རྗེས་ཀྱི་རིམ་པ་དང་གསུམ་མོ། །དང་པོ་སྔོན་དུ་འགྲོ་བའི་རིམ་པ་ལའང་སྤྱིར་བཤད་པ་དང་། བྱེ་བྲག་གི་ཉམས་ལེན་བཤད་པ་གཉིས། དང་པོ་སྤྱིར་བཤད་པ་ལ། དང་པོ་ཆོས་ཐམས་ཅད་རང་གི་སེམས་སུ་བསྟན་པ། གཉིས་པ་སེམས་དོན་མ་བསྒོམ་པའི་སྐྱོན་དང་ཉེས་པ་བཤད་པ། གསུམ་པ་བསྒོམ་པའི་ཕན་ཡོན་བཤད་པ་དང་རྣམ་པ་གསུམ་མོ། དང་པོ་ཆོས་ཐམས་ཅད་རང་གི་སེམས་སུ་བསྟན་པ་ནི། དེ་ཡང་སྤྱིར་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས་ཡིན་ཏེ། ས་བཅུ་པའི་མདོ་ལས། ཀྱེ་རྒྱལ་བའི་སྲས་དག །ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ། །ཞེས་དང་། གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སེམས་ཅན་མེད་ཅིང་སངས་རྒྱས་མེད། །ཅེས་དང་། སམ་བུ་ཊི་ལས། ཕྱི་དང་ནང་གི་བདག་ཉིད་ཅན། །འདི་དག་ཐམས་ཅད་སེམས་ཀྱིས་བཏགས། །སེམས་ལས་མ་གཏོགས་པ་ཉིད་ནི། །གཞན་དུ་ཡོད་པ་མ་ཡིན་ནོ། །ཞེས་དང་། རི་ཁྲོད་དབང་ཕྱུག་གིས། ཆོས་རྣམས་ཐམས་ཅད་རང་གི་སེམས་ཡིན་ཏེ། །སེམས་ལས་མ་གཏོགས་ཆོས་གཞན་རྡུལ་ཙམ་མེད། །ཅེས་སོ། །དེ་ལྟར་ཡིན་ན་ཕྱི་རོལ་དུ་གཟུང་བའི་ཡུལ་གཟུགས་སྒྲ་ལ་སོགས་པའི་དངོས་པོར་སྣང་བ་འདི་ཇི་ལྟར་ཡིན་ཞེ་ན། སེམས་ཉིད་རང་གིས་རང་གི་གནས་ལུགས་མ་རིག་པར་ཐོག་མ་མེད་པ་ནས། བདག་གཞན་གཉིས་སུ་སྣང་བར་གྱུར་ཅིང་། ཕྱིའི་རྟེན་འབྲེལ་ས་བོན་གྱི་རྒྱུ་དང་འབྲེལ་པ་མྱུ་གུ་ནས་འབྲས་བུའི་བར་གྱིས་བསྡུས་པ། རྐྱེན་དང་འབྲེལ་བའི་ཆོས་འབྱུང་ལྔ་དུས་ཀྱི་འགྱུར་བ་དང་བཅས་པས་བསྐྱེད་པ་ལྟ་བུ་དང་། ནང་གི་རྟེན་འབྲེལ་མ་རིག་པ་ནས་རྒ་ཤིའི་བར་གྱིས་བསྡུས་པ་ལྟ་བུར་ཕྱི་ནང་གཉིས་སུ་བར་མེད་པར་ཤིང་རྟའི་འཁོར་ལོ་ལྟར་འཁོར་ཏེ།
©Karma Lekshey Ling Institute