༄༅། །ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་དངོས་གཞིའི་ཁྲིད་ཡིག་འོག་མིན་ཆེན་པོར་བགྲོད་པའི་ལམ་བཟང་ཞེས་བྱ་བ་བཞུགས་སོ། །

༄༅། །ན་མོ་གུ་རུ་བྷྱཿ རྡོ་རྗེ་འཆང་གིས་རྗེས་བཟུང་ཏིལླི་པའི། །གདམས་པའི་མཛོད་འཛིན་ནཱ་རོ་ཏ་པའི་སྲོལ། །འཛིན་སྐྱོང་སྤེལ་མཁས་མར་མི་དྭགས་གསུམ་སོགས། །བཀའ་བརྒྱུད་བླ་མ་རྣམས་ལ་ཕྱག་བགྱིའོ། །གྲུབ་བརྒྱའི་གཙུག་རྒྱན་མཉམ་མེད་རྒྱ་རས་དང་། །ཐམས་ཅད་མཁྱེན་དེས་པདྨ་དཀར་པོའི་ཞབས། །ཆོས་ཀྱི་རྒྱལ་པོ་ངག་དབང་རྣམ་རྒྱལ་སོགས། །དཔལ་ལྡན་འབྲུག་པ་བརྒྱུད་པར་བཅས་ལ་འདུད། །ཆོས་དབྱིངས་སྤྲོས་མཚན་བྲལ་བའི་ནམ་མཁའ་ལ། །ཡེ་ཤེས་ཉི་མ་ཁོར་ཡུག་འཆར་བའི་གཟིས། །སྒྲུབ་བསྟན་པད་ཚལ་ཅི་ཡང་རྒྱས་མཛད་པའི། །རྗེ་བཙུན་བླ་མའི་ཞབས་རྡུལ་སྤྱི་བོར་མཆོད། །མདོ་སྔགས་ཆུ་ཀླུང་མ་ལུས་འདུས་པའི་བཅུད། །གསང་ཆེན་བསྐྱེད་རྫོགས་རྒྱ་མཚོར་འཁྱིལ་བའི་སྙིང་། །ཕྱག་རྒྱ་ཆེན་པོའི་མན་ངག་ནོར་བུའི་ཕྲེང་། །འབྲལ་མེད་སྙིང་གི་རྒྱན་དུ་བཅང་ལ་རིངས། །ཚུལ་འདི་ཚིག་ཉུང་དོན་རྒྱས་བྱིན་ཆེ་བར། །བཞུགས་གང་རང་འདྲའི་བློ་རཏལ་རྣམས་ཀྱི་ངོར། །མདོ་ཙམ་ཉུང་ངུའི་ངག་གིས་འཆད་པ་ལ། །རྩ་བརྒྱུད་བླ་མས་གནང་བ་སྦྱིན་དུ་གསོལ། །ཞེས་མཆོད་པར་བརྗོད་ཅིང་བཀའི་གནང་བ་སྦྱིན་དུ་གསོལ་ནས། འདིར་གླེང་བར་བྱ་བའི་གཞི་ནི། སྤྱིར་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་མདོ་རྒྱུད་དགོངས་འགྲེལ་དང་བཅས་པའི་དགོངས་བཅུད། བྱེ་བྲག་ཏུ་བླ་མེད་རྒྱུད་སྡེ་མ་ལུས་པའི་མཐར་ཐུག་རྨད་བྱུང་རྒྱུད་ཀྱི་བསྟན་བྱའི་སྙིང་པོ། རྒྱ་གར་འཕགས་པའི་ཡུལ་ན་མཆོག་གཟིགས་རྣམ་གཉིས་སུ་གྲགས་པའི་ཞལ་གྱི་གདམས་པའི་ཉིང་ཁུ། གངས་རིའི་ཁྲོད་ཀྱི་གྲུབ་ཆེན་མར་མི་དྭགས་གསུམ་བརྒྱུད་པ་དང་བཅས་པའི་མན་ངག་གི་ཡང་སྙིང་། དཔལ་ལྡན་འབྲུག་པའི་གདམས་ངག་གི་གཞུང་ཤིང་ལྟ་བུ་བཀའ་རྒྱ་ཅན་ལྔར་གྲགས་པའི་ཕྱི་མོར་བཞུགས་པ་ཕྱག་རྒྱ་ཆེན་པོ་འདི་སྟེ། དེ་ཡང་སྟོན་པ་རྡོ་རྗེ་འཆང་ཆེན་པོས་གདུལ་བྱ་ཅིག་ཅར་བའི་སྐལ་བར་གསུངས་པའི་ཕྱིར། གྲུབ་ཆེན་ཏིལླི་པ་དང་པཎ་ཆེན་ནཱ་རོ་པ་ལ་སོགས་པའི་གོང་མ་རྣམས་ཀྱིས་གདུལ་བྱ་དབང་རྣོན་ཆོས་ཀྱི་རྗེས་འབྲང་དག་ལ། ཕྱག་རྒྱ་ཆེན་པོ་གཉུག་མ་ཆིག་ཆོད་ཀྱི་གདམས་པ་ལྟ་ཐོག་ནས་སྒོམ་པ་འཚོལ་བའི་ལུགས་སུ་བཏབ་པར་མཛད་པས་ཅིག་ཅར་དུ་གྲོལ་བ་ཐོབ་པའང་བགྲང་བ་ལས་འདས་པར་བྱོན་པར་སྣང་མོད། འོན་ཀྱང་ད་ལྟའི་སྐབས་ན་གང་ཟག་དེ་འདྲ་སྲིད་མཐའ་མ་དཀག་ཙམ་ལས། ཕལ་ཆེར་དབང་རཏལ་དད་པའི་རྗེས་འབྲང་འབྱུང་ཤས་ཆེ་བར་དགོངས་ཏེ། རྗེ་མི་ལ་དང་དྭགས་པོས་སྒོམ་ཐོག་ནས་ལྟ་བ་འཚོལ་བའི་གདམས་པ་ཕྱག་རྒྱ་ཆེན་པོ་རྣལ་འབྱོར་བཞིའི་ལམ་ནས་རིམ་གྱིས་བཀྲི་བའི་བཀའ་སྲོལ་བཏོད་པར་མཛད་ཅིང་། དཔལ་ཕག་མོ་གྲུ་པ་དང་ཆོས་རྗེ་འབྲུག་པས་དེ་ཉིད་གསལ་རྒྱས་སུ་གསུངས་པའི་མན་ངག་གི་ཟབ་གནད་མི་འཕྱུགས་པའི་སླད་དུ། ཀུན་མཁྱེན་པད་དཀར་ཞབས་ཀྱིས་སྔོན་འགྲོ་དངོས་གཞིའི་ཁྲིད་ཀྱི་རིམ་པ་ཟིན་བྲིས་སུ་བཏབ་པར་མཛད་པ་ལས། འདིར་དངོས་གཞིའི་ཁྲིད་ཟིན་གྱི་དགོངས་པ་ཇི་ལྟ་བར་འཆད་པ་ལ། གདམས་ངག་གི་མཚན་དང་། མཚན་དེ་ལྡན་གྱི་གཞུང་གཉིས་ལས། དང་པོ་གདམས་ངག་གི་མཚན་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་སྤྱིའི་མཚན་ནི། རྒྱ་གར་སྐད་དུ། མཧཱ་མུ་དྲཱ་ཞེས་པ། བོད་སྐད་དུ། ཕྱག་རྒྱ་ཆེན་པོ་ཞེས་བྱ་སྟེ། སྐད་གཉིས་ཤན་སྦྱར་ན། མཧཱ་ནི་ཆེན་པོ་དང་། མུ་དྲཱ་ནི་ཕྱག་རྒྱ་ཞེས་བྱ། དེ་ལ་སྨྲ་འདོད་པ་དག་ན་རེ། མུ་དྲའི་སྒྲ་རྒྱ་ཁོ་ན་ལ་འཇུག་པས་དེ་ལྟར་སྦྱར་བ་མི་འཐད་ཅེས་ཁ་ཚོན་གཅོད་པར་བྱེད་མོད། མུ་དྲའི་སྒྲ་ཕྱག་གམ་རྒྱ་སོ་སོར་བསྒྱུར་བ་དང་། ཕྱག་རྒྱ་ཞེས་བསྡམས་ཏེ་བཤད་པའི་ཚུལ་གཉིས་ཡོད་པའི་ཕྱིར་དང་། མ་ཟད་ཕྱག་གི་སྒྲ་བསྡུ་བའི་དབང་དུ་སོང་བ་ལས་ཤུགས་ཀྱིས་འཐོན་དགོས་པའི་ལུང་འོག་ཏུ་འབྱུང་བ་ལྟར་བཀྲལ་བའི་ཚུལ་རྣམས་ཡོད་པས་ཁ་ཚོན་མི་ཆོད་དོ། །དེ་ཡང་མཚན་འདོགས་ཚུལ་ལ།
©Karma Lekshey Ling Institute