༄༅། །ཀླན་ཀ་གཞོམ་པའི་གཏམ་བཞུགས་སོ། །

༄༅། །འཇམ་མགོན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གང་གསུང་བདུད་རྩིའི་ཆ་ཤས་རེ་རེས་ཀྱང་། །ལོག་རྟོག་མུན་པའི་ཁེངས་འཇོམས་ངེས་དོན་གྱི། །ཀུ་མུད་འབྱེད་པའི་འཇམ་མགོན་བསིལ་ཟེར་ཅན། །དད་པའི་ཡིད་མཁར་རོལ་དེར་ཕྱག་འཚལ་ལོ། །དཔྱོད་ལྡན་ཡོན་པོའི་ངག་གི་རྗེས་ཞུགས་འགའ། །སོམ་ཉིས་རྒྱལ་བའི་གཞུང་ལམ་འདི་སྤངས་ནས། །ཚུལ་མིན་མྱ་ངན་ལམ་འཁྱམས་དུབ་པ་དག །སྙིང་རྗེའི་གཞན་དབང་སོང་བས་སླར་འདིར་ཁྲིད། །དེང་སང་འགའ་ཞིག་ན་རེ། ཁྱོད་ཀྱི་ཕྱག་རྒྱ་ཆེན་པོ་དང་རྒྱ་ནག་ལུགས་ཀྱི་རྫོགས་ཆེན་གཉིས་ཡས་འཛེག་དང་མས་འཛེག་མིང་འདོགས་ཕྱོགས་བསྒྱུར་བ་མ་གཏོགས་ཁྱད་མེད་དོ་ཞེས་གྲག་གོ །དཔྱད་ཀྱི། ཁོ་བོ་ཅག་གིས་ལྟ་བ་ཇི་ལྟ་བ་བཞིན་དུ་གཏན་ལ་ཕེབས་པ་ནི་གནས་ལུགས་མངོན་སུམ་དུ་རྟོགས་པ་ཁོ་ན་ལ་རག་ལས་ཏེ། གཞན་དག་གི་ལམ་ལས་འདས་ཤིང་། ཡིད་ཀྱིས་སྤྱོད་པའི་ཡུལ་དུ་ནམ་ཡང་མ་གྱུར་པས་སོ། །དེ་ལྟར་མངོན་སུམ་དུ་རྟོགས་པའི་དོན་དེ་ཉིད་ཇི་ལྟ་བ་བརྗོད་པ་ལ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་ཚིག་གིས་འཕོངས་པར་གྱུར་པ་ཉིད་དོན་ལ་གནས་པས། ཐ་སྙད་རྣམ་པར་འཇོག་པའི་ཚེ་ཁས་ལེན་དང་བྲལ་ལོ་ཞེས་སྨྲས་སོ། །དེ་ལས་གཞན་དུ་ལྟ་བའི་རྣམ་གཞག་བཤད་པ་ཐམས་ཅད་བློས་བཏགས་ནས་བཞག་པའི་ཕྱིར། རིགས་པས་དཔྱད་བཟོད་མ་ཡིན་ནོ། དེ་ཙམ་གྱིས་ཧྭ་ཤང་དང་ཁྱད་པར་མེད་པར་གྱུར་ན། སློབ་དཔོན་འཕགས་པ་ཡབ་སྲས་ཀྱིས། ལྟ་བ་ཀུན་བཟློག་ལ་ཞུགས་པའི་དུས་སུ། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པ་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པར་ག་ལ་འགྱུར། །རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་ཏུ་མེད་པར་གསུངས། །ཞེས་དང་། གལ་ཏེ་ངས་དམ་བཅའ་འགའ་ཡོད། །དེས་ན་ང་ལ་སྐྱོན་འདི་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་དེ་ཉིད་གསུངས་པས། །དེ་ཡང་ཧྭ་ཤང་དང་ཁྱད་པར་མེད་པར་འགྱུར་རོ། །དེ་ལྟར་ན་ལུགས་འདི་འཛིན་པའི་སློབ་དཔོན་ཀ་མ་ལ་ཤཱི་ལ་དང་། རྒྱའི་ཧྭ་ཤང་ཅི་ལ་རྩོད། ཁྱོད་ཀྱིས་བསམ་པར་བྱ་དགོས་སོ། །སློབ་དཔོན་ཡབ་སྲས་དོན་དམ་དཔྱོད་པའི་རིག་ངོར་དེ་སྐད་གསུང་ལ། ཁྱོད་ལ་རིག་པས་དཔྱད་པ་མེད་པས་མི་མཐུན་ནོ་སྙམ་ན། དེ་ཡང་ག་ལ་ཡིན། སློབ་དཔོན་ཀྱང་དོན་དམ་དཔྱོད་བྱེད་ཀྱི་རིགས་ངོར་དེ་སྐད་གསུང་། ངེད་ཀྱང་དོན་དམ་གཏན་ལ་འབེབས་པའི་ཚེ་དེ་སྐད་སྨྲ་བས་ཇི་ལྟར་མི་མཐུན། དོན་དམ་ལ་དཔྱོད་པའི་རིགས་པ་ཡང་། དོན་དམ་གཏན་ལ་འབེབས་པའི་ཚུལ་ཉིད་ཡིན་པས། དེ་གཉིས་ལ་བྱེ་བྲག་ཅི་ཡོད། ཁྱོད་གོ་ན་དེ་ལྟར་སྨྲ་བས་སྐྱོན་མེད་དུ་ཆུག་ཀྱང་། གོང་མ་རྣམས་ཀྱིས་མ་ཡིན་ནོ་ཞེ་ན།
©Karma Lekshey Ling Institute