༄༅། །ཕྱག་རྒྱ་ཆེན་པོའི་མན་ངག་གི་བཤད་སྦྱར་རྒྱལ་བའི་གན་མཛོད་ཅེས་བྱ་བའི་བསྟན་བཅོས་ལ་རྩོད་པ་སྤོང་བའི་གཏམ་སྲིད་གསུམ་རྣམ་པར་རྒྱལ་བའི་དགེ་མཚན་ཅེས་བྱ་བ་བཞུགས་སོ། །

 

༄༅། །ཨོཾ་སྭསྟི་སིདྡྷཾ། རྣམ་འདྲེན་གསུང་གི་དབང་ཕྱུག་རལ་གྲིའི་གཉེན། །མཚན་མའི་རྐྱེན་གྱིས་མི་གཡོ་གཏུམ་པོ་ཆེ། །རྒྱུད་མང་ཆོས་ཀྱི་གླུར་འབབ་དབྱངས་ཅན་སོགས། །ལྷག་པའི་ལྷ་ཚོགས་རྒྱ་མཚོས་ཤིས་པར་མཛོད། ༡ །ཟག་མེད་ཡོན་ཏན་མཆོག་གི་དཔལ་མངའ་རྫོགས་པའི་སངས་རྒྱས་སྐུ་གསུམ་བདག །ཞི་བ་ཆགས་བྲལ་ཟབ་ཅིང་རྒྱ་ཆེ་ཡང་དག་དོན་ལྡན་དམ་པའི་ཆོས། །རིག་དང་གྲོལ་བའི་སྤོབས་པ་རབ་རྒྱས་འཕགས་མཆོག་དགེ་འདུན་ཚོགས་ཀྱི་དཔྱིད། །དབང་པོར་བཅས་པའི་འཇིག་རྟེན་སྐྱབས་དེར་ཤེས་བཞིན་དད་པས་བདག་ཕྱག་འཚལ། ༢ །མཁས་དང་གྲུབ་པའི་དཀྱིལ་འཁོར་ཡོངས་རྫོགས་ཉ་རྒྱས་ཟླ་འདྲ་ནམ་མཁའི་ལུས་ཅན་མདའ་བསྣུན་དབང་པོ་ཏིལླི་ནཱ་རོ་མཻ་ཏྲིའི་ཞབས། །མངོན་བྱང་རྡོ་རྗེའི་རི་དྭགས་རྟགས་ཀྱིས་སྐལ་བཟང་གདུལ་བྱ་ཟུང་འཇུག་ཆེན་པོར་རྣམ་པར་འདྲེན་མཁས་མར་པ་མི་ལ་སྒམ་པོ་པ། །བདུད་རྩིའི་རྦ་རླབས་ཕྱོགས་ཀྱི་འཁོར་ལོར་འགྲེམས་ལ་མི་བསྙེངས་ཐུབ་བསྟན་རྒྱ་མཚོ་ཀུན་ཏུ་འཕྱུར་བྱེད་ཕག་གྲུ་གླིང་དང་འབྲུག་པ་རྗེ། །འགྲོ་རྣམས་ཀུན་མཁྱེན་གོ་སར་དཀྲི་ལ་གཞན་དྲིང་མི་འཇོག་བགྲོད་པ་གཅིག་པའི་ལམ་མཁན་མཆོག་ཏུ་གྲུབ་པའི་ཟླ་བ་ཡོངས་ལ་འདུད། ༣ །གཞུང་ལུགས་འཆད་པའི་སྒྲ་གསང་མཐོན་པོས་སྟོང་གསུམ་སྟོང་གི་འཇིག་རྟེན་ཡོངས་ཡེ་རྒྱས་པར་འགེངས། །ལོག་སྨྲར་རྩོད་པའི་རིགས་ཚུལ་གནམ་ལྕགས་རྩུབ་མོའི་ཆར་གྱིས་ཕྱིར་རྒོལ་སྤོབས་པ་ཕྱེ་མར་འཐག །ལེགས་བཤད་རྩོམ་པའི་རིན་ཆེན་འཕྲེང་བས་རྒྱལ་བསྟན་ཁང་བརྩེགས་རྣམ་པར་བརྒྱན་པའི་དཔལ་ཡོན་ཅན། །སྨྲ་བ་ཀུན་གྱི་གཙུག་ཏོར་སྟེགས་ལས་གྲོལ་བ་མཆོག་གི་གོ་འཕང་རྩེར་འཛེགས་པད་དཀར་རྒྱལ། ༤ །ལྷག་པའི་ཚུལ་ཁྲིམས་རབ་བརྟན་ལྷུན་པོའི་སྤོར། །ཏིང་འཛིན་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན། །ཤེས་རབ་སྤྱན་གྱི་པདྨོ་སྟོང་གསལ་བས། །ཆོས་ཀུན་དེ་ཉིད་མཆོག་གཟིགས་ལྷ་རྩེ་བ། ༥ །ངག་གི་དབང་ཕྱུག་དགྱེས་པ་ཚངས་པའི་གསུང་། །ཟབ་ཡངས་ཆོས་ཀྱི་མཆོད་སྦྱིན་བརྒྱ་འགྱེད་མཁན། །གྲུབ་པ་མཆོག་ཏུ་བཟང་པོ་ཁྱོད་ཞབས་ལ། །རྣམ་པ་ཀུན་ཏུ་འདུད་པ་བདག་གི་ལས། །སྒྲ་ཚད་སྡེར་མོའི་འཕྲེང་བ་འཁྱོག་པོས་སྨྲ་ངན་གླང་པོའི་མྱོས་བུམ་འགེམས། །བཟོ་དང་གསོ་བའི་མིག་རྩ་དམར་པོས་རིས་མེད་རི་དྭགས་ཀུན་ཏུ་སྐྱོང་། །སྡེ་སྣོད་གསུམ་གྱི་རལ་ཚོགས་བརྗིད་ཆགས་རྒྱུད་སྡེ་རྣམ་བཞིའི་མཆེ་བ་ཅན། །སྨྲ་བའི་སེང་གེའི་རྣམ་དཔྱོད་ཞལ་དུ་ཐུབ་བསྟན་ཡོངས་འདུ་དེར་ཕྱག་འཚལ། ༦ །འཇམ་པའི་རྡོ་རྗེ་དངོས་ཉིད་ནའང་ཚུར་མཐོང་སྣང་བའི་མེ་ལོང་དུ། །བསམ་བཞིན་སྲིད་པར་ཟློས་པའི་གར་སྟབས་ཉི་ཤུ་རྩ་ལྔར་རྗེས་བཟུང་ཞེས། །སྒྱུ་འཕྲུལ་དྲ་བའི་རི་མོ་མཚར་པོ་ལེགས་པར་བཀོད་པས་འཇིག་རྟེན་ཀུན། །དགའ་བའི་རྒྱལ་མཚན་སྲིད་རྩེར་བསྒྲེངས་མཁས་ས་སྐྱའི་ལོ་ཙཱར་ཕྱག་བགྱིས་ནས། ༧ །བསྲེག་བཅད་བརྡར་བའི་ཆོ་གས་གསེར་གྱི་ཁམས། །སྦྱོང་བའི་རིམ་བཞིན་དགག་བཞག་སྤང་གསུམ་གྱིས། །གཞུང་ལུགས་འབུམ་སྡེའི་ལྷད་ཀུན་འབྱིན་པ་ལ། །ཀུན་དགའི་རྒྱལ་མཚན་འཛིན་ཁྱོད་བསྐོས་སམ་སྙམ། ༨ །དེའི་ལན་རྣམ་པར་དག་པའི་ངག །འདོམས་མཁས་པུཎྜྻ་རཱི་ཀ་དེའང་། །རྒོལ་བའི་སྤོབས་པ་འཕྲོག་སླད་དུ། །གྲུ་འཛིན་ལས་འདིར་གཤེགས་པ་བཞིན། ༩ །འཇམ་པའི་དབྱངས་དང་སྤྱན་རས་ཀྱིས། །གཟིགས་པ་ནམ་མཁའི་རྗེས་འགྲོ་གཉིས། །ལེགས་བགྲོས་བདུད་རྩིའི་རྒྱུན་བཟང་པོས། །ཐུབ་བསྟན་བྱི་དོར་མཛད་ལ་དགེས། ༡༠ །དེ་ཚེ་མཁས་རློམ་འབྱུང་པོའི་བྱ། །ཕལ་ཆེར་སྨྲ་བཅད་རྒྱར་འཐུམས་ཀྱང་། །ཀླུ་སྒྲུབ་དཔྱིད་ཀྱི་ཕོ་ཉ་ཡིས། །ལེགས་བཤད་སྦྲང་རྩིའི་སྒྲ་དབྱངས་བསྒྲགས། ༡༡ །དེ་ལ་ཉན་བྱེད་ལྤགས་བྱིའུ། །གཟུར་མི་གནས་པའི་སྣ་སྒོ་ལས། །སྨྲ་བ་ངན་པའི་བཤང་གཅི་ཟུང་། །ཅིག་ཆར་མཚན་མོའི་ཐུན་མཐར་སྐྱུགས། ༡༢ །དྲི་མ་རབ་དཀུ་མནམ་དེས་བསྟན་བཅོས་ཆེའི། །ཁང་བཟང་མཛེས་པ་འགོག་དེ་མ་བཟོད་པར། །རྣམ་དག་ལུང་དང་རིགས་ཚུལ་རླབས་གཡོ་བའི། །སྒྲ་ལྡན་མཐོ་རིས་ཆུ་བོ་འདིས་བཀྲུའོ། ༡༣ །འདིར་གང་བཤད་པར་བྱ་བ་ནི་དཀར་བརྒྱུད་རིན་པོ་ཆེའི་གཞུང་ལམ་ཕྱག་རྒྱ་ཆེན་པོ་ཞེས་སྒྲ་ཆེ་ལ་སྒྲོ་རིང་བ་མདོ་རྒྱུད་རྒྱ་མཚོའི་ཡང་སྙིང་དུ་གྱུར་པ་དེའོ། །གང་གིས་འཆད་པར་བྱེད་པ་ནི་ཕྱག་རྒྱ་ཆེན་པོའི་མན་ངག་གི་བཤད་སྦྱར་རྒྱལ་བའི་གན་མཛོད་ཅེས་བྱ་བ་བསྟན་བཅོས་ཐམས་ཅད་ཀྱི་རྒྱལ་པོར་ལྷུན་གྱིས་གྲུབ་པ་དེས་སོ། །ཚུལ་ཇི་ལྟར་དུ་འཆད་པ་ནི་རྩོད་སྤོང་ཉི་མའི་འོད་ཟེར་དང་ཡང་ལན་མཁས་པའི་མིག་ཐུར་གྱི་ཚིག་དོན་ལ་བརྒལ་བརྟགས་ཀྱི་ལན་གདབ་པ་ལས་བརྩམས་ཏེའོ། །དེ་ཡང་སྙིང་པོའི་བསྟན་པ་ལ་གཅེས་སྤྲས་སུ་མཛད་པའི་སྐྱེས་ཆེན་དཔལ་དྭགས་པོ་དཀར་བརྒྱུད་ཀྱི་རིང་ལུགས་འཛིན་པ་རབས་ནས་རབས་སུ་བྱོན་པ་རྣམས་ཀྱིས་ལེགས་པར་བཀོད་པའི་ལྟ་གྲུབ་ཀྱི་གནད་ལ། འཇམ་པའི་དབྱངས་ས་སྐྱ་པཎྜྻི་ཏ་ཞེས་གྲགས་པའི་དབྱངས་ཀྱི་ང་རོས་སྲིད་པའི་ར་བ་ལས་འགོངས་པ་དེ་ཉིད་ཀྱིས་སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ་ཞེས་བྱ་བ་དང་། ཐུབ་པའི་དགོངས་པ་གསལ་བ་ཞེས་བྱ་བ་ལ་སོགས་པ་བསྟན་བཅོས་ཆེན་པོ་རྣམས་དང་། ཕྱོགས་བཅུའི་སངས་རྒྱས་ལ་ཞུ་འཕྲིན་དུ་བྱ་བ་ལ་སོགས་པ་ལས་སྐབས་སུ་བབ་པའི་ཀླན་ཀ་དང་། བརྒལ་བརྟགས་ཀྱི་གསུང་ཇི་སྙེད་བྱོན་པ་ལ།
©Karma Lekshey Ling Institute