༄༅། །ངམ་རིང་མཁན་ཆེན་ཀླུ་སྒྲུབ་ཆོས་ཀྱི་རྒྱལ་མཚན་པས་བརྒལ་ལན་གསང་གསུམ་རྡོ་རྗེའི་སྙིང་པོ་མཆོག་ཏུ་གྲུབ་པའི་གཏམ་ཞེས་བྱ་བ་བཞུགས་སོ། །

༄༅། །ངམ་རིང་མཁན་ཆེན་ཀླུ་སྒྲུབ་ཆོས་ཀྱི་རྒྱལ་མཚན་པས་བརྒལ་ལན་གསང་གསུམ་རྡོ་རྗེའི་སྙིང་པོ་མཆོག་ཏུ་གྲུབ་པའི་གཏམ་ཞེས་བྱ་བ་དཀར་བརྒྱུད་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །ཇི་ལྟར་རྣམ་དཔྱོད་གསལ་བའི་མེ་ལོང་དུ། །ཇི་སྙེད་ཆོས་ཀྱི་ངང་ཚུལ་ཀུན་འཕོས་པ། །ཇི་བཞིན་གཟིགས་པའི་སྤྱན་ནི་ལྷ་ཡི་ལྷ། །ཀུན་མཁྱེན་འབྲུག་པས་རྟག་ཏུ་དགེ་ལེགས་མཛོད། །སྡོམ་གསུམ་ནོར་གྱིས་གང་བའི་གན་མཛོད་སྒོ། །ཕྱེ་ནས་གཏན་པ་མེད་པའི་མཆོད་སྦྱིན་མཁན། །སངས་རྒྱས་རྡོ་རྗེའི་སྙིང་སྟོབས་ལ་འཁུ་བའི། །བཤེས་གཉེན་གཞན་དག་སྨྱོན་པའི་བརཏལ་ཞུགས།འཛིན། །རྩོད་སྤོང་ཉི་མའི་འོད་ཟེར་ཡན་ལག་བཅས། །སྲིད་གསུམ་རྣམ་པར་རྒྱལ་བས་ཟོས་ཟིན་གྱི། །མངོན་རློམས་རྡུལ་ཕྲན་བརྩེགས་པའི་ཕྲག་གོང་དུ། །འཛེགས་པའི་འོད་ཟེར་བདུན་པས་ཅི་ཞིག་བྱ། །བློ་གྲོས་ནང་གི་ཉིན་བྱེད་གཟི་འབར་བས། །རྙོག་པའི་མུན་པ་མཐར་བྱེད་ངེས་གསང་གི །སྣང་བ་འབུམ་ཕྲག་གཅིག་ཅར་འགྱེད་ནུས་པའི། །སྔོན་མེད་ནམ་མཁའི་ནོར་བུ་འདི་ན་རྔོམ། །འོན་ཀྱང་འོད་ཀྱི་པ་ཏྲ་འབར་བས་མིག །འཕྲོག་བྱེད་དང་འགྲོགས་གད་མོའི་དབྱངས་ལྡན་ལ། །ལེགས་བཤད་ལྟད་མོ་ལྟ་བའི་སྐལ་མེད་ཀྱི། །གཟུར་གནས་མཁྱེན་ཡངས་སྤྱན་གྱིས་འདིར་གཟིགས་ཤིག །ཅེས་ཆེད་དུ་བརྗོད་ནས། སྐབས་དོན། ས་དཀར་གྱི་མཁས་པ་རྣམས་ཕྱག་རྒྱ་ཆེན་པོ་ལས་བརྩམས་ཏེ་འབེལ་མཆིད་མང་དུ་གླེང་བའི་དོན་ལ། རེ་ཞིག་ཁོ་བོས་ཀྱང་རང་དང་གཞན་གྱི་གྲུབ་པའི་མཐའ་ལ་ཞིབ་མོར་དཔྱད་པའི་སྨྲ་སྒོ། མཁས་པ་ལ་འོས་པའི་ཚིག་དོན་སྙན་ངག་གི་ཉམས་འགྱུར་བག་ཤིན་ཏུ་དོད་པས་འཕྲལ་དུ་ཉམས་འཚར་ལ་ཕུགས་སུ་དོན་བཟང་བ། བརྗོད་ཚུལ་གྱི་སྒོ་ནས་རྒོལ་བ་དག་ལའང་བསྟོད་བསྔགས་དང་སུན་འབྱིན་མི་འགལ་བར་སྟོན་པའི་ལེགས་བཤད་རིན་པོ་ཆེའི་དོ་ཤལ་ཚར་དུ་དངར་ཏེ། བློ་གསལ་གྱི་མགྲིན་པ་མཛེས་པར་བྱས་པ་ལ། ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་ཅི་འདྲ་ཡང་། མཁན་ཆེན་བགྲེས་པོའི་སྐུའི་སྐྱེ་བ་དེ་ལ་ཐུག་པའོ་ཞེས་གྲགས་པའི་རྗེས་སུ་ཉེ་བར་སོང་སྟེ། གོ་འཕང་ཆེན་པོ་ལ་བཞུགས་སུ་གསོལ་ཕྱིན། །དགེ་འདུན་གྱི་དབུས་སུ་སེང་གེའི་ཁྲི་ལ་རྣམ་པར་འགྱིངས་ཏེ། ཡོན་བཤད་ཡོངས་སུ་བསྔོ་བའི་རིམ་པ་སོགས་རང་གི་བགོ་སྐལ་དུ་ཐོབ་པའི་ལེགས་མཛད་ལྷུར་བཞེས་ཏེ་སྦྱིན་པ་པོའི་ཚོགས་ཀྱི་ཞིང་དུ་ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས་པ་ཁོ་ན་མཛེས་ཤིང་སྤ་སྟེ། ཇི་སྐད་དུ། འཇམ་པའི་དབྱངས་ཀྱིས། རྒྱལ་པོ་ལྐོག་ཏུ་སྦས་ན་མཛེས། །སྒྱུ་མ་བརྒྱ་ལམ་མཐོང་ན་མཛེས། །ཞེས་སོགས་གསུངས་པ་དགོངས་ཡུལ་རིན་པོ་ཆེར་བཞུགས་ནས་མི་ཆེན་གྱི་རྫུ་བག་ལ་བརྟེན་པར་རིགས་པ་ལས་དེ་བཞིན་མི་མཛད་པར། རང་ཉིད་དཔོན་དུ་བསྐོས་གྱུར་ན། །དེ་ཡི་བྱ་བ་ཤེས་པར་དཀའ། །གཞན་ལ་ལྟ་བའི་མིག་ཡོད་ཀྱང་། །རང་ཉིད་ལྟ་ན་མེ་ལོང་དགོས། །ཞེས་པའི་ལུང་བསྟན་དང་དུ་བཞེས་ནས། ཇི་སྐད་དུ། སྲིད་གསུམ་རྣམ་རྒྱལ་ལས། དེ་ལ་ཉན་བྱེད་ལྤགས་བྱིའུ། །གཟུར་མི་གནས་པའི་སྨྲ་སྒོ་ལས། །སྨྲ་བ་ངན་པའི་བཤང་གཅི་ཟུང་། །ཅིག་ཆར་མཚན་མོའི་ཐུན་མཐར་སྐྱུགས། །ཞེས་པའི་ཚིགས་སུ་བཅད་པ་སྨྲ་ཡུལ་གྱི་ཁྲོད་རང་གི་ངང་གིས་ཞུགས་ཏེ། སྐུ་ཚེ་སྔ་མ་རང་གི་ངང་ཚུལ་གཞན་ལ་ངོམ་པའི་འཕྲོ་ཅན་རྣམས། སྨོན་ལམ་གྱིས་མཚམས་སྦྱར་དང་བཅས་འདིར་ལྷག་ལུས་མེད་པར་གསལ་བར་མཛད་པ་ལ་བསམ་བཞིན་དུ་སྐྱེ་བ་བཞེས་པའོ་དགོངས་ནས། རིགས་ངན་མགུ་བའི་དམོད་ཚིགས་བཞིན་དུ་སྨྲེ་སྔགས་བརྒྱ་རྩའི་ཕྲེང་བ་རིང་དུ་བརྒྱུས་ནས། བོད་ཡུལ་གྱི་མཁས་གྲུབ་ཀུན་ལས་རང་ཉིད་ཆེས་ལྷག་པའོ་ཞེས་མངོན་པའི་ང་རྒྱལ་གཟེངས་མཐོ་བའི་སྒོ་ནས་བདག་ཉིད་རྒྱས་བཤད་ཀྱིས་སྨྲ་བ་པོ་ཉིད་དམ་པ་མ་ཡིན་པར་བསྒྲུབ་པར་ཁ་བྱང་ཡི་གེ་བཞིན་དུ་བཏབ་འདུག་པའི་ལན་དུ། ཕྱི་ནང་གང་དུའང་ཁ་གཏོང་བའི་ལས་ལ་ངེད་ཁྲོ་ཕུ་བ་རྣམས་སྦྱངས་སྟོབས་ཆེ་བ་ལགས་པས་སྨྲ་བའི་སྒོ་མ་འགགས་ཀྱང་།
©Karma Lekshey Ling Institute