༄༅། །ཐུབ་བསྟན་མཁན་རིན་པོ་ཆེ་ཆོས་རྣམ་རྒྱལ་བས་བརྒལ་བརྟགས་ཀྱི་ལན་ཕ་ལམ་རྡོ་རྗེའི་མཚོན་ཆ་ཞེས་བྱ་བ་བཞུགས་སོ། །
༄༅། །རྒྱལ་བ་ཀུན་གྱི་མཁྱེན་དང་བརྩེ། །ནུས་པའི་འདབ་བརྒྱ་རྣམ་རྒྱས་པ། །པུཎྜྻ་རཱི་ཀའི་གེ་སར་ཕྲེང་། །ལེགས་གསུང་ཟིལ་དངར་སྤྲོ་དེར་འདུད། །དེ་ཡི་གསུང་ཟབ་མཁའི་རྔ་ཆེན། །སྒྲ་དབྱངས་གློག་གི་གར་དང་བཅས། །རྩོད་ངག་གནམ་ལྕགས་འབབ་པའི་ཞུགས། །རྟོག་གེའི་སྤོབས་པས་མ་བཟོད་ཚེ། །གནམ་ཐིག་འཁྱོགས་པོར་བཏབ་པ་ཡིས། །ལྕགས་ཀྱི་འཁོར་ལོའི་རྩིབས་བཅད་པའི། །ངང་ཚུལ་འདི་དང་འདིའོ་ཞེས། །རིམ་པར་གླེང་ལ་ཁྲོ་མི་འཚལ། །ས་སྐྱའི་པཎ་ཆེན་འཇམ་པའི་དབྱངས། །པདྨ་དཀར་པོ་སྤྱན་རས་གཟིགས། །བསྙོན་མེད་སྤྲུལ་པའི་གར་སྟབས་ལ། །བལྟས་ཀྱིན་དད་པའི་དབང་པོ་མཐོ། །ཆོས་རྗེ་ས་པཎ་ད་ཙམ་དུ། །འཚོ་ཞིང་གཞེས་ན་ཁོ་བོ་ལའང་། །འདི་ལྟར་མིན་པའི་མཐོང་བཀུར་ཞིག །འབྱུང་ཞེས་པད་དཀར་ཞལ་ལས་ཐོས། །དེ་ནི་ས་པཎ་མཁས་ཤིང་དྲང་། །ཅིག་ཤོས་ལ་ལ་བླུན་ཞིང་འཁྱོག །རིན་ཆེན་རྟོག་ལ་མ་མཁས་པའི། །དེད་དཔོན་འགའ་ལ་ཁྲེལ་བའི་ཚིག །དེས་ན་དཀར་བརྒྱུད་བསྟན་རྗེས་སུ། །དད་པས་འབྲངས་པའི་བླུན་རྒོལ་འགའ། །ཡང་དག་ལམ་ལ་གཟུད་ཕྱིར་དུ། །ཆོས་རྗེས་དགག་སྒྲུབ་མཛད་པ་ཡིན། །དེ་ཡིས་ཕྱག་རྒྱ་པ་ཐམས་ཅད། །སྐྱོན་དང་བཅས་པར་མི་འགྲོ་སྟེ། །གླེན་པར་སྨད་ལ་སྤྱང་པོ་རྣམས། །ཁྲོ་གཉེར་སྡུད་པར་མི་རིགས་བཞིན། །འོན་ཀྱང་དེ་འདྲར་མ་བརྟགས་པའི། །གྲུབ་རིགས་སོམ་ཉིར་གོལ་བ་རྣམས། །བློ་གྲོས་བརྟགས་ཕྱིར་པད་དཀར་གྱིས། །ལེགས་བཤད་ཁུ་བ་གསར་དུ་ཟགས། །དེ་ཡང་ཤེས་བྱ་རིག་པའི་གནས། །རྣམ་ལྔ་མཁྱེན་གཟིགས་པཎྜྻི་ཏ། །གྲུབ་པ་ཆེན་པོའི་གོ་འཕང་ལ། །བཞུགས་པའི་སྐྱེས་ཆེན་དམ་པ་ཡིན། །འཆད་པའི་དབྱངས་ཀྱིས་བསྟན་པ་སྤེལ། །རྩོད་པའི་མཚོན་ཆས་ལུགས་ངན་གཏུབས། །རྩོམ་པའི་བདུད་རྩིས་ཡིད་ཅན་ཀུན། །མཆོག་ཆོས་གྲུབ་པའི་དཔལ་ལ་བཀོད། །བཤད་སྒྲུབ་བསྟན་དང་བསྟན་འཛིན་གྱི། །སྐྱེས་བུ་བཀུར་སྟི་རིམ་གྲོས་མཆོད། །མཁའ་ལྡིང་མཆོད་སྡོང་ཟིལ་གནོན་པའི། །གཙུག་ལག་ཁང་ཆེན་བཅུ་ཕྲག་ཏུ། །གསེར་གྱི་ལྷུན་པོ་གཟུགས་གཞན་ལྟའི། །སྲས་བཅས་རྒྱལ་བའི་སྐུ་མང་བསྐྲུན། །མཐིང་ཤོག་ངོས་སུ་གསེར་ཞུན་གྱི། །ཡིག་མཐོའི་གླེགས་བམ་སྟོང་ཕྲག་བཞེངས། །མདོ་སྔགས་བཤད་དང་སྒྲུབ་པའི་གྲྭ། །ཇི་སྙེད་འཚོ་བའི་རྐྱེན་དང་བཅས། །དེ་སྙེད་བསྒྲུབས་ནས་ཐུབ་པའི་བསྟན། །སྤེལ་བ་གཟུར་གནས་ཡོངས་ལ་གསལ། །དེ་ལྟའི་ངོ་མཚར་རི་མོ་བརྒྱ། །ཞར་བའི་མིག་གིས་མ་མཐོང་ཞིང་། །སྙན་གྲགས་ཚངས་པའི་དབྱངས་ཀྱི་འགྱུར། །ལུང་ཁུག་འོན་པ་འགས་མ་ཐོས། །རང་ཚུལ་རང་གིས་ཞལ་འཆེས་པ། ། |