༄༅། །ཕྱག་ཆེན་ཁྲིད་ཡིག་ལས་འཕྲོས་པའི་རང་ལན་ངེས་གསང་གནད་ཀྱི་ལྡེའུ་མིག་ཅེས་བྱ་བ་བཞུགས་སོ། །
༄༅། །ན་མོ་མ་ཧཱ་མུ་དྲཱ་ཡ། རྣམ་གྲོལ་མཆོག་གི་གོ་འཕང་ལ་བཞུགས་པའི། །ཁྱབ་བདག་འཁོར་ལོའི་མགོན་པོ་རྡོ་རྗེ་འཆང་། གཅིག་པུ་དུ་མ་ཤར་བ་ཆུ་ཟླའི་གར། །བསྒྱུར་མཁས་རྩ་བརྒྱུད་བླ་མས་དགེ་ལེགས་མཛོད། །འཆད་པོ་རང་གི་མ་གོ་བཞིན་དུ་ཡང་། །ཉན་པོ་རྣམས་ལ་ཁྲིད་དཔེའི་རྒྱུགས་འབུལ་མཁན། །དེང་དུས་བཞུགས་པ་རྣམས་ཀྱིས་དྲི་བ་འདིར། །ལན་མེད་རང་ལན་རང་གིས་གདབ་བར་བྱ། །འདིར་གླེང་གཞི་ནི། མཚན་དོན་ལེགས་པར་ལྡན་པ་ཀུན་མཁྱེན་པདྨ་དཀར་པོ་དེ་ཉིད་ཀྱིས། ཇི་སྐད་དུ། ཚིག་ཙམ་སྨྲ་ལ་གནད་རྣམས་མ་ཟིན་པས། །ད་དུང་དགེ་བའི་བཤེས་ཀྱི་ཞབས་བརྟེན་ནས། །ལམ་འདི་ཐོས་བསམ་སྒོམ་པ་མཐར་ཕྱིན་པའི། །ཆེད་དུ་ཡིན་གྱི་གཞན་དུ་དྲིས་པས་ཅི། །ཞེས་གསུངས་པའི་དོན་རྣམས་བློ་ཡུལ་དུ་བཞག་ནས་དྲི་བའི་སྤོབས་པ་སྐྱེས་ཤིང་། དྲི་བའི་ཡུལ་དེ་དག་ཀྱང་མཁྱེན་བཞིན་དུ་གཞན་ལ་འདེམས་པའི་བློ་ནོད་ངོམ་པ་ཡིན་ནམ། མངོན་པའི་ང་རྒྱལ་གྱིས་སམ། གྲགས་འདོད་ལྷུར་ལེན་པ་ལྟ་བུ་གང་ཡིན་བརྟག་པར་འདོད་ལ། བརྟག་པའི་ཐབས་ནི་དྲི་བ་ལས་ལྷག་པ་མ་མཆིས་པས་ན། འཇམ་པའི་དབྱངས་ཀྱིས། མཁས་པར་རྩོད་ཅིང་མ་དྲིས་པ། །དེ་ཡི་བར་དུ་གཏིང་མི་དཔོག །རྔ་ལ་དབྱུག་གུས་མ་བསྣུན་པ། །དེ་སྲིད་གཞན་དང་ཁྱད་ཅི་ཡོད། །ཅེས་གསུངས་ཤིང་། དྲི་ཚིག་ལས་ཀྱང་། བློ་གྲོས་གསེར་གྱི་དངོས་པོ་བཟང་ངམ་ངན། །བརྟག་ཕྱིར་བསྲེག་བཅད་བརྡར་ལྟའི་དྲི་ཚིག་འདི། །ཚིག་དོན་སྲང་ལ་འཇལ་བའི་བརྡ་ལགས་ཀྱི། །ཡང་དག་དྲན་པའི་ངང་ནས་ལན་སྩོལ་ཅིག །ཅེས་སྨྲས་པ་ཡིན་ཏེ། ཚེ་དང་ལྡན་པ་རྟ་ཐུལ་གྱིས་དྲིས་པ་ལ་ཚངས་པས་བཞིན་དུ་ཟོལ་སྒྲིབ་ཁོ་ནས་སྦུབས་ལྡིར་གྱིས་ཆེར་སྙེམས་མི་འདོར་ཡང་། ཀུན་མཁྱེན་འབྲུག་པའི་ཞལ་ནས། ཐ་སྙད་ལུང་རིགས་དང་མཐུན་པར། །ཡིན་ལུགས་ངེས་དོན་ལ་གཞོལ་བ། །གང་གསུངས་གདམས་ངག་གི་གཏེར་མཛོད། མཚན་ལྡན་འབྲུག་པ་དེ་དྲན་པ། །ཞེས་གསུངས་པ་ལྟར་དགོས་རྒྱུ་ལ། ཚུལ་དང་མཐུན་པའི་ལན་གྱིས་ཐོགས་ཏེ་མི་སྨྲ་བའི་དཀའ་ཐུབ་ལ་གནས་པའི་ཚེ། དྲི་བར། ཚུལ་དང་མཐུན་པའི་ལེགས་བཤད་ལན་མེད་ན། །དྲི་བ་བྱེད་པོ་སླར་ཡང་དྲིས་ཤིག་ཅེས། །ཟེར་བ་ཐུགས་ལ་བཏོད་པའི་ཆེ་ཕྲན་མང་པོས་བསྐུལ་བ་ལ་བརྟེན་ནས་རང་ལན་འོས་ཙམ་ཞིག་སྨྲ་བ་ལ་ཞུགས་ཏེ། |