༄༅། །ཕྱག་རྒྱ་ཆེན་པོའི་དྲི་ཚིག་གཏམ་དུ་གླེང་བ་ཚངས་པའི་རྔ་སྒྲ་ཞེས་བྱ་བ་བཞུགས་སོ། །

༄༅། །ཨོཾ་སྭསྟི་སིདྡྷཾ། ཕྱག་རྒྱ་ཆེན་པོའི་མན་ངག་ལྷན་ཅིག་སྐྱེས་སྦྱོར་འཆད་ཉན་དུ་མཛད་པ་དཔལ་འབྲུག་པའི་དཀར་རྒྱུད་པ་རྣམས་ལ་དྲི་ཚིག་གཏམ་དུ་གླེང་བའི་རབ་འབྱེད་ཚངས་པའི་རྔ་སྒྲ་ཞེས་བྱ་བ། དཀར་རྒྱུད་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །ཕན་བདེའི་མཚོ་ཆེན་ཟབ་ཡངས་རིན་ཆེན་གཏེར། །མཛེས་བྱེད་པདྨ་དཀར་པོའི་གེ་སར་ལས། །རབ་དགྱེས་མཆོག་གི་བླ་མ་ལྷ་རྩེ་བ། །ངག་དབང་བཟང་པོའི་ཞབས་ལ་གུས་ཕྱག་འཚལ། །རྒྱལ་ཀུན་གསུངས་གི་དབང་ཕྱུག་འཇམ་པའི་དབྱངས། །བདག་གི་སྙིང་ལ་དགྱེས་དགུའི་གར་མཛོད་ཅིག །རྒྱུད་མངས་སྒྲ་ལས་ཆོས་ཀྱི་དོན་སྟོན་པ། །དབྱངས་ཅན་ལྷ་མོས་ཚིག་ལམ་བསྐྱེད་དུ་གསོལ། །མདོ་རྒྱུད་རྒྱ་མཚོའི་ཡང་སྙིང་ཕྱག་རྒྱ་ཆེ། །ཉམས་སུ་བསྟར་ལས་གྲུབ་པ་མཆོག་གི་ཁྱུ། །ཉིན་རེར་དབྱར་མཚོ་བཞིན་དུ་རྣམ་འཕེལ་བ། །ལྔ་བརྒྱ་ཐ་མའི་འགྲོ་འདིར་སྐལ་པས་རྙེད། །དེ་ལྟའི་སྲོལ་ཆེན་རྣམ་འདྲེན་ཤིང་རྟ་ཆེ། །དྭགས་པོའི་བཀའ་རྒྱུད་སྤྱི་དང་ཁྱད་པར་དུ། །དཔལ་ལྡན་འབྲུག་པ་བརྒྱུད་པར་བཅས་པ་ལས། །ལྷག་པ་གངས་ཅན་འདི་ན་ཡོད་མ་ཡིན། །བྱིན་རླབས་འཕོ་བའི་དབང་གིས་རྒྱུད་སྨིན་ཞིང་། །རང་བཞིན་ཤེས་པས་མ་རིག་མདུད་གྲོལ་བ། །ཚིག་དོན་རང་གིས་གོ་ནས་སྣོད་ལྡན་ལ། །འདོམས་མཁས་བསྟན་འཛིན་རྣམས་ལ་བདག་དད་མོད། །ཁྲིད་དཔེའི་ཚིག་སྤྱི་ཙམ་ཡང་མ་གོ་ན། །དོན་བཟང་ཐུགས་སུ་ཆུད་པ་ལྟ་ཅི་ཞིག །དེ་ལྟ་ནའང་ཟབ་ཁྲིད་འཆད་རློམ་རྣམས། །ད་དུང་ཐོས་བསམ་སྒོམ་ལ་འབད་པར་རིགས། །བློ་གྲོས་གསེར་གྱི་དངོས་པོ་བཟང་ངམ་ངན། །བརྟག་ཕྱིར་བསྲེག་བཅད་བརྡར་ལྟའི་དྲི་ཚིག་འདི། །ཚིག་དོན་སྲང་ལ་གཞལ་བའི་བརྡ་ལགས་ཀྱིས། །ཡང་དག་དྲན་པའི་ངང་ནས་ལན་སྩོལ་ཅིག །དེ་ཡང་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་བྱིང་བའི་ཡིད་ཅན་མཐའ་དག་གི་སྐྱབས་དང་གླིང་དང་དཔུང་གཉེན་ནམ་དམ་པ་ནི་དམ་པའི་ཆོས་འབའ་ཞིག་ཏུ་ཟད་ལ།
©Karma Lekshey Ling Institute