༄༅། །སྔོན་འགྲོ་བཞི་སྦྱོར་གྱི་ཁྲིད་དམིགས་ངག་འདོན་ཉུང་ངུར་སྤེལ་བ་བྱང་ཆུབ་སྣང་བྱེད་
ནོར་བུའི་སྒྲོན་མེ་བཞུགས་སོ། །
༄༅། །བཀའ་བརྒྱུད་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །རྒྱལ་བ་ཉིད་ཀྱང་རྒྱལ་སྲས་ཚུལ། །སྙིང་རྗེའི་རོལ་པ་བསམ་ཡས་པས། །གཞན་དོན་མཛད་པ་བླ་མའི་ཞབས། །གུས་པས་འདུད་དོ་བྱིན་གྱིས་རློབས།། འདིར་དམ་པའི་ཆོས་མཐའ་དག་གི་འཇུག་སྒོ་སྔོན་འགྲོ་བཞི་སྦྱོར་གྱི་ཉམས་ལེན་ཁྲིད་དམིགས་ཉུང་ངུར་བསྡུས་ཏེ་ངག་འདོན་ཚིགས་བཅད་དུ་སྤེལ་བར་བྱའོ། །དེ་ལ་ཐོག་མར་དལ་འབྱོར་རྙེད་དཀའ་སོགས་བློ་ཡུལ་དུ་གསལ་གདབ་ཅིང་ངག་ནས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །ད་རེས་ཐོབ་འདི་དོན་མེད་མི་གཏོང་བར། །འཇིག་རྟེན་བྱ་བ་ཀུན་ལས་བློ་ལྡོག་སྟེ། །དམ་ཆོས་ཚུལ་བཞིན་སྒྲུབ་པར་བྱིན་གྱིས་རློབས། །དགེ་སྡིག་ལས་འབྲས་བསླུ་མེད་བྱེད་པ་པོའི། །ཀུན་གཞིའི་སེམས་སྟེང་དཀར་ནག་འབྲས་སྨིན་ཕྱིར། །རྒྱུ་འབྲས་བླང་དོར་ཕྲ་ཞིབ་བྱེད་པ་དང་། །འཁོར་བར་ཞེན་ལོག་སྐྱེ་བར་བྱིན་གྱིས་རློབས།། དེ་ནས་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཁྲིད་ལ་སྐྱབས་ཡུལ་གསལ་གདབ་པ་ནི། རང་མདུན་ནམ་མཁར་གསེར་གྱི་ས་གཞིའི་དབུས། །བདུད་རྩིའི་རྒྱ་མཚོ་དཀར་དྭངས་ཡངས་པའི་དཀྱིལ། །དཔག་བསམ་ཤིང་ཆེན་རྒྱས་པའི་དབུས་ཉིད་དུ། །རིན་ཆེན་ཁྲི་པད་ཉི་ཟླའི་གདན་གྱི་སྟེང་། །རྩ་བའི་བླ་མ་སངས་རྒྱས་ཀུན་གྱི་དངོས། །རྣམ་པ་རྡོར་འཆང་རྒྱལ་བའི་རྒྱན་བཀོད་རྫོགས། །བརྒྱུད་ལྡན་བླ་མ་རབ་འབྱམས་ཚོགས་ཀྱིས་བསྐོར། །མདུན་དུ་བཅོམ་ལྡན་འཁོར་ལོ་སྡོམ་པ་ལ། །དཔག་ཡས་རྒྱུད་སྡེ་དཀྱིལ་འཁོར་ལྷ་ཡིས་བསྐོར། །གཡས་སུ་ཐུབ་དབང་སངས་རྒྱས་ཚོགས་བཅས་དང་། །རྒྱབ་ཏུ་ཡུམ་ཆེན་དམ་ཆོས་གླེགས་བམ་ཚོགས། །གཡོན་དུ་སྤྱན་རས་གཟིགས་དབང་ཚོགས་ཀྱི་གཙོར། །བྱང་སེམས་ཉན་ཐོས་དགེ་འདུན་ཆེན་པོས་བསྐོར། །ཕྱོགས་མཚམས་བར་སྣང་འཇའ་འོད་ཟེར་གྱི་ཀློང་། །དཔའ་བོ་མཁའ་འགྲོ་ཡེ་ཤེས་བསྲུང་མའི་སྡེ། །སྐྱབས་ཡུལ་ཐམས་ཅད་སྤྲིན་ཕུང་འཁྲིགས་བཞིན་གསལ། །བདག་དང་མཐའ་ཡས་འགྲོ་བ་ཐམས་ཅད་ཀྱི། །སྐྱབས་མགོན་རེ་ས་གཞན་མེད་ཁྱེད་ཤེས་བློས། །བྱང་ཆུབ་བར་དུ་གུས་པས་སྐྱབས་སུ་མཆི། །བླ་མེད་བྱང་ཆུབ་སེམས་མཆོག་བསྐྱེད་པར་བགྱི།། ཞེས་སྐྱབས་སེམས་ལན་གསུམ། དེ་ནས་རང་ལུས་ཀྱི་བཀོད་པ་དཔག་མེད་སྤྲུལ་ནས་ཕྱག་འཚལ་བའི་མོས་པས། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆིའོ། །དེ་བཞིན་རིགས་འགྲེས། བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ།། |