༄༅། །གདམས་ངག་ཉམས་ལེན་པར་མཁོ་བ་ཟབ་ཁྲིད་མཐའ་དག་གི་སྔོན་འགྲོའི་ངག་འདོན་གྱི་རིམ་པར་དམིགས་ཁྲིད་དོན་འགྲེལ་ཉུང་ངུར་བཀོད་པ་མཆོག་གི་བྱིན་རླབས་འདྲེན་པའི་ཤིང་རྟ་ཞེས་བྱ་བ་བཞུགས། །
མི་འགྱུར་བདེ་བའི་ཡེ་ཤེས་ཆ་རྫོགས་ཤིང་། །ཆོས་ཀུན་མཁྱེན་གཟིགས་སྣང་བ་མཁའ་མཉམ་ཅན། །མཆོག་གི་འདོད་འཇོ་སྲིད་ཞིར་ཕུལ་བྱུང་བའི། །རྗེ་བཙུན་བླ་མས་བདག་ལ་བདེ་ལེགས་མཛོད། །ཀུན་ཁྱབ་སྤྲོས་བྲལ་ཆོས་དབྱིངས་གཞི། །རང་བྱུང་ལྷན་སྐྱེས་སྒོམ་པའི་ལམ། །གདོད་མའི་གཞིར་གྲོལ་འབྲས་བུ་སྟེ། །དབྱེར་མེད་ཕྱག་རྒྱ་ཆེན་པོར་འདུད། །གང་གིས་ཆོས་ཀུན་མཐའ་བྲལ་བར། །མཉམ་བཞག་དེ་བཞིན་ཉིད་གཟིགས་པས། །གཅིག་ཤེས་ཀུན་ལ་མཁས་པ་ཡི། །དཀར་བརྒྱུད་རིན་ཆེན་དེ་ལ་འདུད། །ཟབ་རྒྱས་སྙིང་པོའི་དོན་རྒྱ་མཚོ། །ཐུགས་སུ་ཆུད་དེ་བསྟན་པའི་ཆུ། །སྤྲོ་ཞིང་བསྡུ་བའི་མཁས་པའི་དབང་། །དཀར་བརྒྱུད་རིན་ཆེན་དེ་ལ་འདུད། །བཅོས་མའི་འཆིང་བ་ཀུན་ཞིག་ཅིང་། །རང་བཞིན་དབྱིངས་སུ་རྟག་དགྱེས་པ། །ཨེ་ཝཾ་སྡོམ་པ་ཆེ་གྲུབ་པའི། །དཀར་བརྒྱུད་རིན་ཆེན་དེ་ལ་འདུད། །དེ་དག་རྣམས་ཀྱི་ཞལ་ལུང་ལས། །འོངས་པའི་ཕྱག་ཆེན་ཁྲིད་རིམ་གྱི། །སྔོན་འགྲོའི་ངག་འདོན་དམིགས་པ་རྣམས། །མང་ཉུང་འཚམས་པའི་ཡི་གེ་བྲི། །འདིར་ཕྱག་རྒྱ་ཆེན་པོའི་ཁྲིད་རིམ་སོགས་ཀྱི་སྔོན་འགྲོའི་ངག་འདོན་ཚིག་རིས་དམིགས་པར་སྒྲིལ་བ་ལ་སྔོན་འགྲོ་བཞི་སྦྱོར་སོ་སོའི་ཐད་ལ་གོ་དོན་རྒྱ་ཆེའི་རིགས་རྩ་བརྒྱུད་བླ་མའི་གསུང་གསང་དང་ཁྱད་པར་སྐྱབས་རྗེ་འཇམ་དཔལ་དཔའ་བོས་མཛད་པའི་ཕྱག་ཆེན་ཁྲིད་འགྲེལ་ལས་རྟོགས་དགོས་ཀྱང་ཐོར་བུ་འགག་དོན་ཉུང་ངུ་རེ་བློ་རྨོངས་པ་འགའ་ལ་ཕན་ཕྱིར་བྲི་བ་ལ་དེ་ཡང་ཐུན་མོང་གི་སྔོན་འགྲོ་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོ་གཉིས་ལས། ཐུན་མོང་ལ་དལ་འབྱོར་རྙེད་དཀའ་བསམ་པ། འཆི་བ་མི་རྟག་པ་བསམ་པ། ལས་རྒྱུ་འབྲས་འཁོར་བའི་ཉེས་དམིགས་བསམ་པ་རྣམས་རྒྱུད་ལ་གོ་དོན་ཐེབས་ངེས་གལ་ཆེ་བས་འདིར་འདོན་བྱ་དང་དེའི་གོ་དོན་ཉུང་ངུ་རེ་སྦྲགས་ཏེ་བཤད་ན། དང་པོར། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་གར་པདྨའི་ཟེའུ་འབྲུ་ལ། །འབྲལ་བ་མེད་པར་རྟག་པར་བཞུགས་ནས་ཀྱང་། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རླབས་ཏུ་གསོལ། ། |